Degé Kangyur volume 59, F.62.b

།ལེ་ལོ་མེད་པའི་ཕྱིར་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​རྩེ་གཅིག་པའི་ཕྱིར་བསམ་གཏན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​ལྟ་བ་དང་བྲལ་བའི་ཕྱིར་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​སེམས་སྙོམས་པའི་ཕྱིར་བྱམས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​ཆོས་ལ་མོས་པ་བསྐྱེད་པའི་ཕྱིར་དགའ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །མཛའ་བ་དང་སྡང་བ་མེད་པའི་ཕྱིར་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །​ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།​། །​།བམ་པོ་བཞི་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེར་འདུས་ཏེ་ཅང་མི་ཟེར་བར་འདུག་གོ། །​དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་འཁོར་འདིར་མཆིས་ཏེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཅུང་ཟད་ཀྱང་མི་སྟོན་ཏོ། །​དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​འཇམ་དཔལ་ཆོས་བསྟན་པ་འདི་ལ་ཁྱོད་གཏམ་གྱི་རྒྱུད་འགའ་ཞིག་སྤོབས་པར་གྱིས་ཤིག ། འཇམ་དཔལ་གྱིས་གསོལ་པ། ཆོས་གང་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལ་གདགས་པ་གང་ཡང་མཆིས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མེད་དོ། །​གསོལ་པ། བཅོམ་ལྡན་འདས་ཆོས་དེ་བརྗོད་པར་བགྱི་བ་ལགས་སམ། སྨྲ་བར་བགྱི་བ་ལགས་སམ། བསྟན་པར་བགྱི་བ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན་ནོ། །​སྨྲ་བར་བྱ་བ་མ་ཡིན་ནོ། །​བསྟན་པར་བྱ་བ་མ་ཡིན་ནོ། །​གསོལ་པ། བཅོམ་ལྡན་འདས་ཆོས་གང་མ་བརྗོད།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1376#UT22084-059-003-1376