Degé Kangyur volume 59, F.60.b

བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ་པ། ཚངས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ། །​དེ་བས་ན་མཉམ་པ་ཉིད་འདིས་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པའི་མཉམ་པ་ཉིད་དོ། །​གཞན་ཡང་ཚངས་པ་སྦྱིན་པའི་འདུ་ཤེས་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོངས་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །​ཐམས་ཅད་མཁྱེན་པ་ཉིད་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟར་ན་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །​གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མིག་མི་ལེན། གཟུགས་མི་ལེན་པ་ནས་ཡིད་དང་ཆོས་ཀྱི་བར་དུ་མི་ལེན་ཏེ། ཚངས་པ་གང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་པོ་འདི་རྣམས་མི་ལེན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའོ། །​ཚངས་པ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས་མིག་ལ་མི་ཆགས། རྣ་བ་ལ་མི་ཆགས། སྣ་ལ་མི་ཆགས། ལྕེ་ལ་མི་ཆགས། ལུས་ལ་མི་ཆགས། ཡིད་ལ་མི་ཆགས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1372#UT22084-059-003-1372