Degé Kangyur volume 59, F.43.b

།བརྗོད་དུ་མེད་པའི་ཚུལ་གྱིས་སྨྲ་བ་སྨྲར་མེད་པར་བལྟའོ། །​ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་སྨྲ་བ་འདི་ཤེས་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྨྲ་ཡང་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ། །​དེ་མངོན་པར་མ་ཆགས་པས་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་བཤད་ཀྱང་རྒྱུན་མི་ཆད་པ་དང་། སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་སྨྲ་བ་དང་། ཆོས་རྣམས་ཀྱི་ཐ་མི་དད་པ་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བའི་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་ཐོབ་པོ། །​ཚངས་པ་དེ་བཞིན་གཤེགས་པས་དེ་ལྟར་གསུངས་པས་ཆོས་རྣམས་བརྗོད་དོ། །​ཚངས་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ལ་མཁས་པ་ཁོང་དུ་ཆུད་ཅེ་ན། ཚངས་པ་འདི་ལ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ཡང་རྣམ་པར་བྱང་བར་སྟོན། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པར་སྟོན་ཏེ། དེ་ལས་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ཏུ་ཤེས་པར་བྱའོ། །​ཚངས་པ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅེ་ན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྟོན་ཏོ། །​རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་ཇི་ལྟར་སྟོན་ཅེ་ན། རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཏེ། དེ་ལྟར་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ། །​ཚངས་པ་ང་སྦྱིན་པས་མྱ་ངན་ལས་འདས་པར་སྟོན་ཏེ། དེ་ནི་བྱིས་པ་དག་གིས་མི་ཤེས་ཀྱི་དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ལ་མཁས་པ་ནི་སྦྱིན་པ་ཡང་ཕྱི་མའི་ཚེ། སྐྱིད་པ་ཆེན་པོར་འགྱུར་ཡང་འདི་ལ་ཆོས་གང་ཡང་འཕོ་བ་མེད་དོ། །​མི་འཕོ་བས་ན་མྱ་ངན་ལས་འདས་པའོ། །​མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ། །​སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ། །​བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ། །​རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ། །​ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1338#UT22084-059-003-1338