Degé Kangyur volume 59, F.38.b

།ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན་དེ་ནི་གང་འགྲོ་བ་རྣམས་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ། །​འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ་བཤིགས་པས་མྱ་ངན་ལས་འདས་པ་ཚོལ་བ་དང་འགོག་པར་ལྟ་བར་ལྟུང་བ་ཆད་པར་སྨྲ་བ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་རོ། །​འདི་ནི་ལམ་མོ་ཞེས་བྱ་བ་དེ་ཅི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། འདི་ནི་འདུས་བྱས་ཀྱི་འདུ་བྱས་ལས་འབྱུང་བར་ཚོལ་བ་འདུས་བྱས་ལམ་དུ་དམིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ། །​དེ་ལྟ་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །​གང་ཀུན་འབྱུང་བ་ལ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །​གང་ཆོས་ཐམས་ཅད་ཤིན་ཏུ་འགག་པ་ལ་མི་སྐྱེ་མི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །​གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་གཉིས་སུ་མེད་པའི་ལམ་སྒོམ་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །​ཚངས་པ་གང་བདེན་པ་བདེན་པ་ཞེས་བྱ་བ་ནི་གང་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་པའོ། །​བརྫུན་པ་གང་ཞེ་ན། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། འབྱུང་བར་འཛིན་པ་དང་། འཇུག་པར་འཛིན་པ་དང་། སྐྱེ་བར་འཛིན་པ་དང་། འགག་པར་འཛིན་པ་དང་། འཁོར་བར་འཛིན་པ་དང་། མྱ་ངན་ལས་འདས་པར་འཛིན་པ་དེ་ནི་བརྫུན་པ་ཞེས་བྱའོ། །​གང་འཛིན་པ་འདི་དག་ལ་མི་འཛིན་ཅིང་མཆོག་ཏུ་མི་སྙེམས་པ་འདི་ནི་བདེན་པ་ཞེས་བྱའོ། །​སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བརྫུན་ནོ། །​ཀུན་འབྱུང་བ་རབ་ཏུ་སྤོང་ངོ་ཞེས་བྱ་བ་ནི་བརྫུན་ནོ། །​འགོག་པ་མངོན་དུ་བྱའོ་ཞེས་བྱ་བ་ནི་བརྫུན་ནོ། །​ལམ་སྒོམ་མོ་ཞེས་བྱ་བ་ནི་བརྫུན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1328#UT22084-059-003-1328