Degé Kangyur volume 59, F.36.b

ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་རྣམས་ལས་ཤིན་ཏུ་འདའ། འཇིག་རྟེན་གྱི་ཆོས་ཀྱི་ནང་ནའང་གདའ་ལ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཀྱང་མི་གོས། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པ་ཡང་རབ་ཏུ་འཚལ་ལ་འཇིག་རྟེན་གྱི་ཆོས་ཀྱི་འཇུག་པར་ཡང་མི་མཆི། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པས་ཀྱང་སེམས་ཅན་རྣམས་འཇིག་རྟེན་གྱི་ཆོས་ལས་ཡོངས་སུ་ཐར་བར་བགྱིད། འཇིག་རྟེན་གྱི་ཆོས་ཀྱི་མཉམ་པ་ཉིད་ཀྱང་ཐོབ་ལ་འཇིག་རྟེན་ན་ཡང་རྣམ་པར་སྤྱོད་ཅིང་འཇིག་རྟེན་གྱི་ཆོས་རྣམས་ཀྱང་རྣམ་པར་འཇིག་པར་མི་བགྱིད་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚིགས་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འཇིག་རྟེན་ཕུང་པོར་ངས་བཤད་དེ། །​འཇིག་རྟེན་དག་ནི་འདི་ལ་གནས། །​འདི་ལ་གནས་པར་མ་བྱས་ན། །​འཇིག་རྟེན་ཆོས་ལས་རྣམ་པར་གྲོལ། །​བྱང་ཆུབ་སེམས་དཔའ་མཁས་པ་དེར། །​འཇིག་རྟེན་རང་བཞིན་ཉིད་ཤེས་ནས། །​ཕུང་པོ་རྣམས་དང་རབ་ལྡན་ཡང་། །​འཇིག་རྟེན་ཆོས་དང་ལྡན་པ་ཡི། །​རྙེད་པ་དང་ནི་མ་རྙེད་དང་། །​དེ་བཞིན་གྲགས་དང་མ་གྲགས་དང་། །​བསྟོད་སྨད་བདེ་དང་སྡུག་བསྔལ་དང་། །དེ་དག་གིས་ནི་འཇིག་རྟེན་སྐྱོང་། །​ཤེས་རབ་ཆེན་པོ་བརྟེན་དེ་རྣམས། །​འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་། །​འཇིག་རྟེན་འཇིག་པ་མཐོང་ནས་ནི། །​འདི་དག་ལ་ཡང་གཡོ་མི་འགྱུར། །​རྙེད་པས་ཐོས་པར་མི་སེམས་ཏེ། །​མ་རྙེད་པས་ཀྱང་ངོམས་པ་མེད། །​རི་རབ་བཞིན་དུ་མཐུ་བརྟན་པ། །​རྣམ་པ་ཀུན་ཏུ་གནོད་མི་འགྱུར། །​དེ་བཞིན་གྲགས་དང་མ་གྲགས་ཀྱང་། །​རྟག་ཏུ་མཚུངས་པར་འགྱུར་བ་ཡིན། །​བདེ་དང་སྡུག་བསྔལ་བསྟོད་སྨད་ལ། །​མཉམ་པ་ཉིད་དུ་གནས་པར་འགྱུར། །​འཇིག་རྟེན་འདི་ནི་གཉིས་ལས་བྱུང་། །​ཕྱིན་ཅི་ལོག་ལས་ཀུན་ཏུ་ལངས། །​དེ་ཕྱིར་འཇིག་རྟེན་འགྲོ་རྟོགས་ནས། །​མཁས་པ་རྣམས་ནི་འགྲོ་མེད་འགྲོ། །​འཇིག་རྟེན་འདི་འགྲོ་གང་ཡིན་པ། །​འགྲོ་བ་དེ་ནི་དེ་དག་ཤེས། །​དེ་ཕྱིར་འཇིག་རྟེན་འགྲོར་ཞུགས་ནས། །​མི་བདེ་བ་ལས་སྐྱེ་བོ་འགྲོལ། །​དཔའ་བོ་དེ་དག་འཇིག་རྟེན་སྤྱོད། །​པད་མོ་བཞིན་དུ་ཆགས་པ་མེད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1324#UT22084-059-003-1324