Degé Kangyur volume 59, F.33.b

དེའི་ནང་ནས་དགེ་སློང་ལྔ་བརྒྱ་བསྟན་པ་འདི་ཐོས་པ་དང་། སྟན་ལས་ལངས་ཏེ་དོང་ངོ་། །​ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་ལ་གང་ཡང་མི་འཁོར། གལ་ཏེ་གང་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ན། བདག་ཅག་ཚངས་པར་སྤྱོད་པ་ལ་གནས་པ་ཡང་དོན་མེད་དོ། །​བདག་ཅག་ལམ་སྒོམ་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་ཅི་དགོས་ཞེས་ཟེར་རོ། །​དེ་ནས་བཅོམ་ལྡན་འདས་ལ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་དག་ཆོས་གང་ལ་སྐྱེ་བའམ། འགག་པར་འཚལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ། །​བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་ཡང་འཁོར་བ་ལས་འདའ་བ་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོ་བ་ཐམས་ཅད་མ་མཆིས་པར་གྱུར་པ་ལགས་ན་བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་འདི་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མུ་སྟེགས་ཅན་གྱི་ལྟ་བར་ལྷུང་སྟེ། མྱ་ངན་ལས་འདས་པར་དངོས་པོར་ཚོལ་ལོ། །​འདི་ལྟ་སྟེ། བཅོམ་ལྡན་འདས་ཏིལ་ལས་ཏིལ་མར་དང་། འོ་མ་ལས་མར་བཞིན་དུ་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ལ་གང་རྣམས་མྱ་ངན་ལས་འདས་པ་ལ་དངོས་པོར་ཚོལ་བ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས་བདག་མཆིའོ། །​བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པའི་ཆོས་གང་ལ་ཡང་སྐྱེ་བའམ་འགག་པར་མི་མཐོང་། ཆོས་གང་ལའང་འཐོབ་པའམ། མངོན་པར་རྟོགས་པར་མི་འཚལ་ལོ། །​དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །​ཚངས་པ་དགེ་སློང་ལྔ་བརྒྱ་འཁོར་འདི་ནས་སྟན་ལས་ལངས་ཏེ། དོང་བ་འདི་དག་ཅི་ནས་ཀྱང་ཆོས་འདུལ་བ་ལ་འཇུག་པ་དང་། མོས་པར་འགྱུར་བ་དང་། སྡིག་པའི་ལྟ་བར་འགྱུར་བ་དེ་ལས་རྣམ་པར་གྲོལ་བར་སྟོན་ཅིག །​སྨྲས་པ། རིགས་ཀྱི་བུ་འདོད་ལ་རག་གོ། །​འདོད་ལ་རག་གོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1318#UT22084-059-003-1318