Degé Kangyur volume 59, F.90.a

དོ། །​སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྟ་བ་གཉིས་སུ་ལྟུང་བའི་སེམས་ཅན་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་སྐྱེད་ནས་ཆེད་དུ་བསམ་ནས་སྲིད་པ་ཉེ་བར་ལེན་ཏེ། ཚངས་པ་གང་འདི་བདག་མེད་པའི་བཟོད་པ་རབ་ཏུ་ཐོབ་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སྐྱེ་བ་ཡོངས་སུ་འཛིན་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་ཡིན་ནོ། །​བརྩོན་འགྲུས་བརྩམ་པ་བསྟན་པ་འདི་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མིང་གཅིག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པ་ཞེས་བྱ་བར་སངས་རྒྱས་ཀྱི་ཞིང་ཐ་དད་པར་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ཞེས་ལུང་བསྟན་ཏོ། །​དེ་ནས་འཁོར་དེར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་ཀླུ་ཆེན་པོ་དེ་དག་ནི་ཆར་འབེབས་ན་རྒྱ་མཚོ་ཆེན་པོར་འབེབས་ཏེ། ས་ཕྱོགས་གཞན་དུ་མ་ལགས་སོ། །​བཅོམ་ལྡན་འདས་དེ་བཞིན་དུ་སྐྱེས་བུ་དམ་པ་ཀླུ་ཆེན་པོ་དང་མཚུངས་པ་འདི་དག་ཀྱང་ཆོས་ཀྱི་ཆར་འདི་འདྲ་བ་འདི་སྐྱེས་བུ་དམ་པ་མཚོ་ཆེན་པོ་རྒྱ་མཚོ་ལྟ་བུ་འདི་དག་གི་སེམས་ཀྱི་རྒྱུད་ལ་འབེབས་ཏེ། སེམས་ཅན་གཞན་དག་ལ་ནི་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར་བ་དེ་བཞིན་ཡིན་མོད་ཀྱི་ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་ནི་གང་གི་ཕྱིར་འཛམ་བུ་གླིང་འདིར་ཆར་པ་མི་འབེབས་པར་འགྱུར་བའི་སེར་སྣ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འཛམ་བུ་གླིང་གི་ཕྱོགས་ཀྱིས་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དེ་དག་མི་བཟོད་དོ། །​འོད་སྲུང་གལ་ཏེ་ཀླུ་ཆེན་པོ་དེ་དག་གིས་འཛམ་བུ་གླིང་འདིར་ཆར་ཕབ་པར་གྱུར་ན་དེས་འཛམ་བུ་གླིང་འདི་གྲོང་དང་། གྲོང་ཁྱེར་དང་བཅས། རི་དང་བྲག་དང་རི་བོར་བཅས། ཁོར་ཡུག་དང་འོབས་སུ་བཅས་པ་འདི་ལྟ་སྟེ། རྫ་མའི་ཆུས་རྒྱ་ཤུག་གི་ལོ་མ་བཏེག་པ་བཞིན་དུ་བཏེག་ནས་ཁྱེར་བར་འགྱུར་ཏེ། དེ་བས་ན་ཀླུ་ཆེན་པོ་དེ་དག་འཛམ་བུ་གླིང་འདིར་ཆར་པ་མི་འབེབས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1431#UT22084-059-003-1431