Degé Kangyur volume 59, F.87.a

ནམ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། མཐིང་ག་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་ཞལ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་ཕྱིར་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣང་བར་གྱུར་ཏོ།​། །​།བམ་པོ་དྲུག་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །​ཡེ་ཤེས་ཀུན་མཆོག་ཕ་རོལ་ཕྱིན་ཅིང་ཐུབ་པ་ཀུན་མཁྱེན་ཀུན་ཟིལ་གནོན། །​འདི་ལ་དུས་གསུམ་སེམས་ཅན་སྤྱོད་པ་སྣ་ཚོགས་ཅི་མཆིས་ཁྱོད་ཀྱིས་མཁྱེན། །​གང་དེ་ཤིན་ཏུ་གྲོལ་བའི་བློ་ཡུལ་གང་ཡང་དེ་དག་བསམ་པ་རྣམས། །ལྷ་ཡི་གཙོ་བོ་ཀུན་མཁྱེན་འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་བསྟན་གསོལ། །​ཉན་ཐོས་རང་རྒྱལ་དགྲ་བཅོམ་དྲི་མེད་དེ་དག་གིས་ཡང་སྤྱོད་ཡུལ་མིན། །​སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ་ཅིང་མཐའ་བྲལ་ཁྱོད་ལ་ཆགས་པ་མེད། །​ཁྱོད་ཀྱིས་སེམས་ཅན་སྤྱོད་པ་སེམས་ཅན་གང་ལ་ཅི་འདྲའི་གཏམ་བརྗོད་མཁྱེན། །​སྨྲ་མཆོག་ཐུབ་དཀའ་ཚིག་དབང་འཛུམ་པ་མཛད་པའི་རྒྱུ་ནི་བསྟན་པར་གསོལ། །​འོད་འདི་ཤིན་ཏུ་ཡིད་འོང་སྡུག་པ་དྲི་མེད་རབ་ཏུ་རྣམ་པར་མཛེས། །​ཉི་ཟླའི་འོད་དང་དེ་བཞིན་ཚངས་པ་དབང་པོའི་གཟི་ཡང་ཟིལ་གྱིས་གནོན། །​དེ་བཞིན་ཁོར་ཡུག་ཁྲག་ཁྲིག་རི་རབ་དག་ཀྱང་ཤིན་ཏུ་སྣང་བགྱིས་ན། །​ཅི་སླད་ཁྱོད་ཀྱིས་འཛུམ་མཛད་དེ་ཡི་རྒྱུ་ནི་རབ་ཏུ་བསྟན་པར་གསོལ། །​འདོད་ཆགས་ཞེ་སྡང་དྲེགས་ལ་སོགས་པ་ཟུག་རྔུ་བྲལ་ཞིང་རབ་ཏུ་ཞི། །​འཇིག་རྟེན་ལྷ་མི་ལྟོ་འཕྱེའི་ཚོགས་རྣམས་བྱམས་པས་བདག་པོ་ཁྱོད་ཞལ་ལྟ། །​བདེ་གཤེགས་བལྟས་ཀྱང་མི་ངོམས་ལུས་ནི་རབ་ཏུ་སིམ་ཞིང་བདེ་བར་འགྱུར། །​གང་གི་སླད་དུ་འཛུམ་པ་འདི་བསྟན་ཐུབ་པ་བདག་ཅག་རྣམས་ལ་གསུངས། །​ཁྱོད་ཀྱིས་ཆོས་རྣམས་ནམ་མཁའ་ལྟ་བུར་རྟག་ཏུ་བྱེད་མེད་གསོག་ཉིད་དང་། །​གློག་དང་སྤྲིན་འདྲ་སྒྱུ་མ་ལྟ་བུར་གསོབ་ཉིད་དབུ་བ་ལྟ་བུ་དང་། །​རྨི་ལམ་མཐོང་དང་ཆར་པ་སྟོང་འདྲ་ནམ་མཁའ་ཆུ་ཟླ་ལྟ་བུར་མཁྱེན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1425#UT22084-059-003-1425