Degé Kangyur volume 59, F.76.b

དེ་གཉིས་ཀྱིས་ལོ་སྟོང་ཕྲག་བདུན་ཅུ་རྩ་དྲུག་གི་བར་དུ་དོན་གྱི་ཚིག་འདི་གཉིས་གཏན་ལ་འབེབས་ཤིང་ལན་ལྡོན་པར་གྱུར་ཏེ། གཅིག་གི་ཡང་མཐར་མ་ཕྱིན། གཉིས་པོའི་ཡང་མཐར་མ་ཕྱིན་ཏོ། །​དེ་ནས་དེ་བཞིན་གཤེགས་པ་དེ་སྟེང་གི་ནམ་མཁའ་ལ་བཞུགས་ནས་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་མཆོག་གོ། །​སྨྲ་བས་རྩོད་པར་མ་བྱེད་ཅིག །​སྨྲ་བས་རྩོད་པ་མ་སྐྱེད་ཅིག །​སྨྲ་བ་ཐམས་ཅད་ནི་བྲག་ཅ་དང་མཚུངས་ཏེ། སྒྲ་ཇི་འདྲ་བ་དེ་བཞིན་དུ་སྒྲ་བརྙན་ཡང་དེ་བཞིན་ནོ། །​ཁྱོད་ཀྱི་སྤོབས་པ་སོ་སོའི་ཡང་དག་པར་རིག་པ་མི་ཟད་པ་མངོན་པར་བསྒྲུབ་པ་ཁོང་དུ་ཆུད་དོ། །​ཁྱེད་འདོད་ན་དྲིས་པ་འདིའི་དོན་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ལན་ལྡོན་ཞིང་ཁྱེད་ཀྱི་སྤོབས་པའི་མཐར་ཕྱིན་པར་ཡང་མི་འགྱུར་མོད་ཀྱི་སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་བ་རབ་ཏུ་ཞི་བ། ཉེ་བར་ཞི་བ། ཡི་གེ་མེད་པའི་དོན་ཏོ། །​དོན་ནི་བརྗོད་དུ་མེད་པ་སྟེ། ཇི་ཙམ་དུ་བརྗོད་པ་དེ་ཙམ་དུ་དོན་མེད་པའོ། །​དོན་ལ་རྟོན་པ་ཡི་གེ་ལ་མ་རྟོན་ཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས་བསྐུལ་བར་རིག་ནས་ཅང་མི་སྨྲ་བར་གྱུར་ཏོ། །​རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་འདོད་ན་བྱང་ཆུབ་སེམས་དཔའ་དག་བསྐལ་པ་བརྒྱ་སྟོང་ངམ། དེ་ལས་ལྷག་པར་ཡང་སྤོབས་པས་བསྟན་པ་སྟོན་པར་རིག་པར་བྱའོ། །​རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཉིས་བྱུང་བ་གཞན་ཡིན་པར་འཛིན་པ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ། །​མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཁྱད་པར་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །​དེའི་ཚེ་དེའི་དུས་ན་ཚངས་པ་ཆེན་པོ་ཁྱད་པར་སེམས་འདི་ནི་ཚངས་པ་འོད་ཟེར་བཟང་པོ་ཞེས་བྱ་བར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་འདི་མངོན་པར་བརྩོན་པ་དེ་བགྱིད་པའི་བརྩོན་འགྲུས་བརྩམ་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དོན་ཆེན་པོ་འཐོབ་པར་འགྱུར་ཏེ། མངོན་པར་མི་བརྩོན་པ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གིས་ཀྱང་ཅི་ཞིག་བགྱི། བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི་བྱང་ཆུབ་ལགས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1404#UT22084-059-003-1404