།དེ་དང་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་དབང་བསྐུར་བའོ། །དེ་དང་དེ་དག་ནི་ཆོས་ཀྱི་མིག་ཐོབ་བོ། །དེ་དག་གིས་ཆོས་ཀྱི་དེ་བཞིན་ཉིད་མཐོང་ངོ་། །དེ་དག་གིས་ཆོས་ཐམས་ཅད་སྟོང་པར་ཤེས་སོ། །དེ་དག་ནི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའོ། །དེ་དག་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའོ། །དེ་དག་ནི་སེམས་ཅན་ཐམས་ཅད་མི་གཏོང་བའོ། །དེ་དག་ནི་ཐེག་པ་དམན་པ་ལ་རྒྱབ་ཀྱིས་བལྟས་པའོ། །དེ་དག་ནི་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པའོ། །དེ་དག་གིས་ནི་ཕྱིན་ཅི་ལོག་སྤངས་སོ། །དེ་དག་ནི་མཉམ་པ་ཉིད་ལ་ཉེ་བའོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་ངེས་པ་ལ་ཞུགས་པའོ། །དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའོ། །དེ་དག་གིས་བདུད་ཀྱི་སྡེ་རྣམས་བཏུལ་ལོ། །དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་དོ། །དེ་དག་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །གྲོགས་པོ་དག་གང་ཆོས་འདི་ལ་ནན་ཏན་དུ་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་ངས་བསྐལ་པའམ། བསྐལ་པ་ལས་འདས་པར་བཤད་ཀྱང་ཆོས་འདི་ལ་ནན་ཏན་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའི་མཐར་མི་ཕྱིན་ཏེ། དེ་བཞིན་གཤེགས་པ་ལྟར་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ནན་ཏན་ཆོས་ཀྱི་ནན་ཏན་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ནན་ཏན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཆོས་ཀྱི་ནན་ཏན་ཞེས་བྱ་བ་ནི་གང་ཆོས་ཐམས་ཅད་ལ་ནན་ཏན་མེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་རྣམས་ལ་ནན་ཏན་དུ་མི་བྱེད་དེ། དེ་ཆོས་ཐམས་ཅད་མི་བྱེད་རྣམ་པར་མི་བྱེད་དོ། །གང་མི་བྱེད་རྣམ་པར་མི་བྱེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །གང་དགེ་བ་ལའང་མི་འཇུག །མི་དགེ་བ་ལའང་མི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །དེ་བཞིན་དུ་བསྡུས་ཏེ། འཇིག་རྟེན་པ་ལའང་མ་ཡིན། འཇིག་རྟེན་ལས་འདས་པ་ལ་མ་ཡིན། ཟག་པ་དང་བཅས་པ་ལ་མ་ཡིན། ཟག་པ་མེད་པ་ལ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ལ་མ་ཡིན།