Degé Kangyur volume 58, F.279.a

ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁང་པ་བརྩེགས་པ་ཚད་དཔག་ཚད་བཅུ་པ་བཀྲ་བ་བལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་བྱུང་ངོ་། །​ཁང་པ་བརྩེགས་པ་དེར་སྟོབས་དང་ལྡན་པའི་པད་མ་བཀོད་པའི་ཁྲི་རྣམས་ཀྱང་བྱུང་ངོ་། །ཁང་པ་བརྩེགས་པ་དེར་བཅོམ་ལྡན་འདས་ཀྱི་གདན་རིན་པོ་ཆེའི་པད་མ་བཀོད་པའི་སེང་གེའི་ཁྲི་འཕང་དུ་མི་བདུན་ཡོད་པ་བྱུང་ངོ་། །​དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཁང་པ་བརྩེགས་པ་བཀོད་པ་དང་། སེང་གེའི་ཁྲི་བཀོད་པ་འདི་ལྟ་བུ་འདི་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བདག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་འདི་དག་དང་ཐབས་ཅིག་ཏུ་ཁང་པ་བརྩེགས་པ་སེང་གེའི་ཁྲི་བཤམས་པ་འདིར་བཞུགས་སུ་གསོལ། བཅོམ་ལྡན་འདས་བདག་གིས་ཁང་པ་བརྩེགས་པ་འདི་སུག་པ་གཡས་པས་བླངས་ཏེ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་འཚལ་ནས་གཞག་པར་བགྱིའོ། །​དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་ལ་ཐུགས་བརྩེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་དེ་དག་དང་ཐབས་ཅིག་ཏུ་ཁང་པ་བརྩེགས་པ་དེར་ཇི་ལྟར་ཁྲི་བཤམས་པ་དེ་དག་ལ་བཞུགས་སོ། །​དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཁང་པ་བརྩེགས་པ་དེ་ལག་མཐིལ་གཡས་པར་བླངས་ཏེ། སྟེང་གི་ནམ་མཁའ་ལས་རྫུ་འཕྲུལ་གྱིས་སོང་ངོ་། །​དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་མཆོད་པའི་ལས་ཀྱི་ཕྱིར་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐམས་ཅད་ཐོགས་ཏེ། སིལ་སྙན་དང་ཕེག་རྡོབ་པ་བྱས་ནས་བཅོམ་ལྡན་འདས་ཁང་པ་བརྩེགས་པ་ན་བཞུགས་ཤིང་། ནམ་མཁའི་ངོས་ལས་གཤེགས་པ་ལ་མཆོད་པ་བྱས་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1570#UT22084-058-006-1570