Degé Kangyur volume 58, F.266.b

དེས་ཉན་ཐོས་ཀྱི་བསོད་ནམས་དང་ཡེ་ཤེས་དང་། གཟི་བརྗིད་ཐམས་ཅད་ཟིལ་གྱིས་ནོན་ཏོ། །​བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔལ་དང་། གཟི་བརྗིད་དང་། སྟོབས་ལ་གང་གི་ཕྱིར་པི་བང་གི་སྒྲ་དེས་བསྐུལ་བའམ། བསྐྱོད་པར་མི་ནུས་པས་བཙུན་པ་འོད་སྲུང་ཆེན་པོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དེ་ཅིའི་ཕྱིར་ཞེ་ན། གང་ཉི་ཚེའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱི་སྟོབས་དང་། གཟི་བརྗིད་དེ་ནི་པི་བང་གི་སྒྲ་འདིས་ཟིལ་གྱིས་ནོན་ཏོ། །​གང་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་སྟོབས་དང་། གཟི་བརྗིད་དེ་ལ་ནི་ཟིལ་གྱིས་གནོན་པར་མི་ནུས་པ་ལ་ལྟོས། དེ་ནས་མིའམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་གི་སྒྲ་དེ་སྒྲོག་པ་ན་སངས་རྒྱས་ཀྱི་མཐུ་དང་། མིའམ་ཅིའི་རྒྱལ་པོ་སྡོང་པོའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་ཀྱིས་པི་བང་དེ་དང་སིལ་སྙན་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །​ཐ་མ་འབྲིང་དང་དེ་བཞིན་མཆོག་རྣམས་ཀྱི། །​ཆོས་རྣམས་ཐམས་ཅད་མཉམ་ཞིང་ཆོས་རྣམས་དབེན། །​ཞི་བ་སྟོང་པ་མི་འགྱུར་འཁྲུགས་པ་མེད། །གཟོད་ནས་དག་སྟེ་དྲི་མེད་ནམ་མཁའ་བཞིན། །​གང་དག་ད་ལྟར་གྱི་དང་འདས་པ་ཡི། །​སེམས་ཅན་ཀུན་མཉམ་སེམས་ཅན་སེམས་ཅན་མེད། །​སེམས་ཅན་སྐད་དུ་སྒྲ་རྣམས་འབྱུང་བ་ཡང་། །​ཆོས་ཀྱི་སྒྲ་དང་མཚུངས་ཏེ་དེ་ཡང་མེད། །​ཞིང་རྣམས་ཐམས་ཅད་ཞིང་མཉམ་ཞིང་མིན་ཏེ། །​བར་སྣང་དང་ནི་མཚུངས་ཤིང་མཉམ་པར་སྣང་། །​འཕེལ་བ་མ་ཡིན་མི་ཟད་མ་སྐྱེས་ཏེ། །​གསོབ་གསོག་ནམ་མཁའ་ལྟ་བུར་རྣམ་པར་དག །​སངས་རྒྱས་ཀུན་མཉམ་སངས་རྒྱས་སངས་རྒྱས་མིན། །​ཆོས་དབྱིངས་ངེས་པར་འདྲེས་པ་མེད་པ་སྟེ། །​ཚུལ་ཁྲིམས་ཤེས་རབ་ཡེ་ཤེས་རྣམ་གྲོལ་མཉམ། །​མཚན་ཉིད་གཅིག་སྟེ་མཚན་མཉམ་མཚན་ཉིད་མེད། །​ཉོན་མོངས་ཐམས་ཅད་ཉོན་མོངས་མ་ཡིན་གྲོལ། །​རྟོག་དང་རྟོག་པ་ཀུན་རྟོག་རྣམ་པར་རྟོག །​ནང་ན་རྒྱུ་བ་མ་ཡིན་ཕྱི་རོལ་མིན། །​འདུ་ཤེས་མདུད་པ་ཕྱིན་ཅི་ལོག་ལས་གྱུར།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1545#UT22084-058-006-1545