Degé Kangyur volume 58, F.260.b

རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཚངས་པའི་ལམ་ལ་མཁས་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མངོན་པར་ཤེས་པ་ལས་མི་ཉམས་པ་རྣམས་ཡིན་ནོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་སྡུད་པའི་ཤེས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒྲུབས་པའི་ཐབས་ཤེས་པ་དང་། རང་གིས་སེམས་ལ་དབང་སྒྱུར་བའི་ཆོས་ཤེས་པ་དང་། སངས་རྒྱས་ལ་བལྟ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་མངོན་པར་ཤེས་པ་ལས་མི་ཉམས་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཡུལ་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ནོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། ནང་ཉེ་བར་ཞི་བ་དང་། ཕྱི་རོལ་དུ་མི་རྒྱུ་བ་དང་། ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་རབ་ཏུ་རྟོག་པའི་ཤེས་པ་དང་། ཡེ་ཤེས་ཀྱི་སྟོབས་ཅན་ཡིན་གྱི་ཉོན་མོངས་པའི་སྟོབས་ཅན་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་གཡུལ་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ནོ། །​རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྒལ་ནས་ཕ་རོལ་ཐང་ལ་གནས་པ་རྣམས་ཡིན་ནོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་འདོད་ཆགས་དང་བྲལ་བ་ཡང་མངོན་སུམ་དུ་མི་བྱེད་པ་དང་། སྲིད་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་བསམས་བཞིན་དུ་ཡང་སྐྱེ་བ་དང་། ལྟ་བའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་ལྟ་བའི་བཅིང་བས་བཅིངས་པ་ཡང་མི་འདོར་བ་དང་། མ་རིག་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྗེས་སུ་འཐུན་པར་ཡང་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་རྒལ་ནས་ཕ་རོལ་ཐང་ལ་གནས་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་སྟོན་ལ་མཚུངས་པར་སྤྱོད་པ་ཡང་རྣམ་པར་མི་རྟོག་པ་རྣམས་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1533#UT22084-058-006-1533