Degé Kangyur volume 58, F.304.b

ཆོས་ཀྱི་དབྱིངས་ཀྱི་སྒྲ་དང་། སེམས་ཅན་མེད་པའི་སྒྲ་དང་། སྲོག་མེད་པའི་སྒྲ་དང་། གང་ཟག་མེད་པའི་སྒྲ་དང་། སྦྱིན་པའི་སྒྲ་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། བཟོད་པའི་སྒྲ་དང་། བརྩོན་འགྲུས་ཀྱི་སྒྲ་དང་། བསམ་གཏན་གྱི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། བྱམས་པའི་སྒྲ་དང་། སྙིང་རྗེའི་སྒྲ་དང་། དགའ་བའི་སྒྲ་དང་། བཏང་སྙོམས་ཀྱི་སྒྲ་དང་། འོང་བ་མེད་པའི་སྒྲ་དང་། འགྲོ་བ་མེད་པའི་སྒྲ་དང་། རྒྱུ་བ་མེད་པའི་སྒྲ་དང་། གནས་མེད་པའི་སྒྲ་དང་། བརྟན་པ་མེད་པའི་སྒྲ་དང་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། འདོད་ཆགས་དང་བྲལ་བའི་སྒྲ་དང་། འབྱུང་བ་མེད་པའི་སྒྲ་དང་། རྟེན་པའི་སྒྲ་དང་། རྟེན་པ་མེད་པའི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་ཚད་མེད་པའི་སྒྲ་དང་། དྲན་པ་ཉེ་བར་གཞག་པའི་སྒྲ་དང་། ཡང་དག་པར་སྤོང་བའི་སྒྲ་དང་། རྫུ་འཕྲུལ་གྱི་རྐང་པའི་སྒྲ་དང་། དབང་པོའི་སྒྲ་དང་། སྟོབས་ཀྱི་སྒྲ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དང་། ལམ་གྱི་སྒྲ་དང་། ཞི་གནས་ཀྱི་སྒྲ་དང་། ལྷག་མཐོང་གི་སྒྲ་དང་། ཐབས་ཀྱི་སྒྲ་དང་། བསྡུ་བའི་དངོས་པོའི་སྒྲ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲ་དང་། བདུད་ཚར་གཅད་པའི་སྒྲ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་སྒྲ་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་དང་། ཆུའི་ཟླ་བ་དང་། བྲག་ཅ་ལྟ་བུའི་སྒྲ་དང་། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་སྒྲ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྒྲ་དང་། འབྱུང་བའི་སྒྲ་དང་། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱི་སྒྲ་དང་། དབུ་བ་དང་། ཆུའི་ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་ཕུང་པོ་དང་། སྒྱུ་མ་དང་། སྙིང་པོ་མེད་པའི་སྒྲ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་ཞིང་ཆོས་བསྒྲུབ་པའི་སྒྲ་འབྱུང་བར་འགྱུར་རོ། །​བཞིན་བཟངས་དག་དེ་ལྟར་ན་སངས་རྒྱས་ཀྱི་མཐུས་སིལ་སྙན་དང་གླུ་དབྱངས་དེ་དག་ལས་གང་གི་ཁྱེད་བག་ཡོད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པར་འགྱུར་བ་དེ་ལྟ་བུའི་སྒྲ་འདི་དག་འབྱུང་བར་འགྱུར་རོ།།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1621#UT22084-058-006-1621