།ལྷག་མཐོང་གིས་ནི་ཆོས་རྣམས་དབྱེ་བ་རྟོགས། །ཆོས་རྣམས་སྔོན་གྱི་མཐའ་ནས་བྱུང་བ་མེད། །ཕྱི་མའི་མཐར་ཡང་འཕོ་བ་གང་ཡང་མེད། །དེ་བཞིན་ཆོས་ཀུན་བར་ལའང་གནས་མིན་པར། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །ལུས་ནི་སྙིང་པོ་མེད་དེ་གཟུགས་བརྙན་འདྲ། །ངག་ཀྱང་སྟོང་པ་བྲག་ཅ་ལྟ་བུ་སྟེ། །སེམས་ཀྱང་སྒྱུ་མ་ལྟ་བུར་རླུང་འདྲ་བར། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །ངེས་པའི་མདོ་ཚུལ་ལ་ནི་རབ་ཤེས་ཤིང་། །བརྟེན་ནས་འབྱུང་ཚུལ་ཁོང་དུ་ཆུད་རྟོགས་ལ། །མ་རིག་པ་དང་སྐྱེ་འཆི་འགོག་པ་དག །ངེས་དོན་གང་ཤེས་དེ་ནི་བག་ཡོད་པའོ། །རྣམ་པར་ཐར་པའི་སྒོ་དང་དུས་གསུམ་དང་། །བསླབ་པ་གསུམ་དང་དམིགས་པ་མེད་པ་དང་། །བདག་མེད་སེམས་ཅན་སྲོག་མེད་གང་ཟག་མེད། །ཆོས་དང་ཆོས་མིན་གཟིངས་དང་འདྲ་བར་བསྟན། །མ་སྐྱེས་ཐོབ་དང་མི་འགྱུར་འབྱུང་བ་དང་། །འཇིག་རྟེན་འདས་པའི་དབང་པོ་ཤེས་རབ་སྒོམ། །དེ་ལ་སེམས་པ་ཅུང་ཟད་མི་འབྱུང་སྟེ། །དེ་ཡི་ཚུལ་རྟོགས་པ་ནི་བག་ཡོད་པའོ། །སངས་རྒྱས་བྱུང་ངམ་མྱ་ངན་འདས་ཀྱང་རུང་། །ཆོས་དབྱིངས་དེ་ནི་རྟག་ཏུ་གནས་པ་སྟེ། །ཡང་དག་དོན་ནི་རྟག་ཏུ་མཐོང་བ་མཁས། །ཆོས་ཉིད་འདི་ཤེས་པ་ནི་བག་ཡོད་པའོ། །སྔོན་གྱི་མཐའ་གང་དེ་ནི་ཡང་དག་མཐའ། །དེ་ཡི་མཐའ་ནི་རྒྱ་ཆེན་ཆོས་རྣམས་ཀུན། །ནམ་མཁའི་མཐའ་ནི་རྟག་ཏུ་སེམས་ཅན་མཐའ། །ཆོས་ཉིད་འདི་ཤེས་པ་ནི་བག་ཡོད་པའོ། །ཆོས་ཉིད་ལས་ཀྱི་རྣམ་སྨིན་མེད་ཤེས་ཀྱང་། །དགེ་དང་མི་དགེའི་ལས་ནི་ཆུད་མི་ཟ། །ཕ་རོལ་ཕྱིན་ལ་གནས་པ་མ་གཏོགས་པར། །ཡེ་ཤེས་ཀྱིས་ནི་སངས་རྒྱས་ཐེག་མི་མཐོང་། །དབེན་པར་གནས་པར་ང་རྒྱལ་ཐེག་པ་སྟེ། །ཉན་ཐོས་རྣམ་པར་གྲོལ་བའི་སྒྲ་ཕྱིར་འབྲང་། །སྦྱིན་པ་ཡིས་ནི་ལོངས་སྤྱོད་རབ་ཏུ་འཐོབ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ངེས་པར་འཐོབ། །ཐོས་པས་ཤེས་རབ་དེ་བཞིན་སྒོམ་པ་འཐོབ། །འདུས་བྱས་ཀུན་ནི་ཚུལ་བཞིན་མིན་ལས་བྱུང་། །