།སྤོབས་པའི་སྟོབས་བསྐྱེད་པ་ནི་གང་ངེས་པའི་ཚིག་གཞན་དང་གཞན་གྱིས་ཐོགས་པ་མེད་ཅིང་རྒྱུན་ཆད་པ་མེད་ལ་ཆགས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་འཆད་པའོ། །གཟུགས་ཀྱི་སྟོབས་བསྐྱེད་པ་ནི་གང་བྱང་ཆུབ་སེམས་དཔའ་དེའི་གན་དུ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཉེ་བར་འོངས་ན་མོག་མོག་པོར་འགྱུར་བའོ། །ལོངས་སྤྱོད་ཀྱི་སྟོབས་བསྐྱེད་པ་ནི་གང་ལག་ན་རིན་པོ་ཆེ་དང་ལོངས་སྤྱོད་མི་ཟད་པའོ། །ལུས་ཀྱི་སྟོབས་བསྐྱེད་པ་ནི་གང་ཕ་རོལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་རྫི་བའོ། །སེམས་ཀྱི་སྟོབས་བསྐྱེད་པ་ནི་གང་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པའོ། །རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་ནི་གང་རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཐམས་ཅད་ཀྱིས་ཆོས་སྟོན་པའོ། །ཆོས་སྟོན་པའི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། ཅི་རིགས་པར་ཆོས་བསྟན་པས་གང་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་ཤེས་པ་དེ་དག་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བའོ། །བདུད་ཚར་གཅོད་པའི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ལ་བྱ་བ་མི་འདོར་བས་སྟོབས་མཉམ་པ་མེད་པ་ཡིན་ནོ། །ནན་ཏན་གྱི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། དེ་དག་ནི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་བཅུ་དྲུག་གོ། །ཀླུའི་བདག་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་གང་སྟོབས་བསྐྱེད་པ་བཅུ་དྲུག་པོ་དེ་དག་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེས་རྟག་ཏུ་བག་ཡོད་པར་བྱའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་ཐམས་ཅད་འབབ་པའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་ས་ལ་ས་བོན་ཐམས་ཅད་སྐྱེའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པ་ལ་དགེ་བའི་ཆོས་ཐམས་ཅད་སྐྱེའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སེམས་ཅན་ཐམས་ཅད་དགའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ལ་ལྷར་བཅས་པའི་འཇིག་རྟེན་དགའོ།