།དེ་དག་ཁོང་དུ་ཆུད་རྟོགས་ན། །དེ་དག་འགྲོ་བ་མེད་པར་འགྱུར། །སེམས་ཅན་ཀུན་གྱི་འགྲོ་གང་ཡིན། །དེ་དག་འགྲོ་བ་ངེས་འགྲོ་ཞིང་། །སངས་རྒྱས་ཆོས་འདིར་བསླབས་ནས་སུ། །སྒྱུ་མའི་ཆོས་ཀྱིས་རྣམ་པར་སྤྲུལ། །ཇི་ལྟར་ལམ་ནི་འདི་སྒོམ་ཞིང་། །གང་དག་ལམ་ལ་སྒོམ་བྱེད་པ། །དེ་དག་སྔགས་དང་ཡོན་ཏན་རྣམས། །འདྲེན་པ་དག་ནི་ཀུན་གྱིས་གསུངས། །དེ་དག་གི་ནི་ཡོན་ཏན་མཐའ། །བརྒྱ་ལམ་ན་ཡང་རྟོགས་མི་ནུས། །གང་དག་ལམ་ནི་འདི་སྒོམ་པ། །དེ་དག་དངོས་པོ་མེད་ལ་གནས། །གང་དག་མི་སྐྱེ་མི་འབྱུང་བའི། །ལམ་འདི་ལ་ནི་རབ་ཞུགས་པ། །དེ་ལ་དམིགས་ཅན་ཐམས་ཅད་དང་། །བདུད་ཀྱིས་གཏིང་དཔོགས་མ་ཡིན་ནོ། །དེ་དག་གུས་བཅས་དྲན་པ་དང་། །བློ་གྲོས་རྟོགས་དང་གཟུངས་རྣམས་དང་། །སྤོབས་པ་ཐོབ་ཅིང་ཚུལ་ཁྲིམས་དང་། །ཐོས་དང་གཏོང་བས་རྣམ་པར་འཕེལ། །གང་དག་ལམ་ནི་འདི་སྒོམ་པ། །ལུས་དག་ཅིང་ནི་ངག་དག་ལ། །སེམས་དག་ཤིན་ཏུ་སྦྱངས་པ་རྣམས། །རབ་དག་ཤིན་ཏུ་རྣམ་པར་དག །གང་དག་ལམ་ནི་འདི་སྒོམ་པ། །འཕགས་པའི་རྟོགས་པ་རྗེས་འཐོབ་ཅིང་། །ཟབ་མོའི་ཚུལ་ལ་མཁས་པ་སྟེ། །ཆགས་མེད་ཡེ་ཤེས་འཁྲུལ་པ་མེད། །གང་དག་འདས་པའི་སངས་རྒྱས་དང་། །གང་དག་མ་འོངས་ད་ལྟར་བྱུང་། །རྫོགས་པའི་སངས་རྒྱས་གང་ཇི་སྙེད། །ལམ་ཐོབ་པས་ནི་མཆོད་པ་ཡིན། །མདོ་སྡེ་འདི་ལ་གང་དགའ་བ། །སེམས་ཅན་དེ་སྙེད་ལེགས་པར་རྙེད། །དེ་བཞིན་གཤེགས་པ་ཤིན་ཏུ་མཐོང་། །དེ་དག་དམ་ཆོས་རབ་ཏུ་ཐོས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཀླུའི་རྒྱལ་པོ་མ་དྲོས་པ། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་། མངོན་པར་འཚལ་བ་མངོན་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་དགུང་ཟླ་གསུམ་བདག་གི་གནས་མ་དྲོས་པར་བཞུགས་པར་བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ།