Degé Kangyur volume 58, F.157.b

དོན་ཡོད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟེན་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར་ལ། སྐྱེ་བོ་མང་པོ་དང་། ལྷ་དང་། མི་རྣམས་ཀྱིས་གང་བར་འགྱུར་ཏེ། དཔེར་ན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་དེ་ན་མི་རྣམས་ཀྱི་ཡང་དེ་དང་འདྲ་བར་འགྱུར་རོ། །​དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་ལོ་ཁྲི་ཐུབ་པར་འགྱུར་རོ། །​དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཕྲག་དྲུག་ཅུ་ཡོད་དོ། །​བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འབུམ་ཕྲག་བཅུ་གཉིས་འདུ་བར་འགྱུར་རོ། །​ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ་སེམས་ཅན་གང་དག་གི་མིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མོད་ལ་བྱམས་པའི་རྣམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །​ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ནི་མཐོང་བའི་མོད་ལ་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །​དེ་ལ་ཉན་ཐོས་ཀྱི་ཐེག་པ་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དང་པོ་མཐོང་བས་རྒྱུན་དུ་ཞུགས་པར་འགྱུར་རོ། །​ལན་གཉིས་མཐོང་བས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ། །​ལན་གསུམ་མཐོང་བས་ནི་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ། །​ལན་བཞི་མཐོང་བས་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའི་ཐེག་པ་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ་མཐོང་བའི་མོད་ཁོ་ན་ལ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ། །​ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟེན་པ་ནི་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པའམ། འཚོ་བ་ཉམས་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ། །​སེམས་ཅན་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh153.html?part=UT22084-058-004-1087#UT22084-058-004-1087