Degé Kangyur volume 58, F.155.b

སྐྱེས་སོ། །​དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་བརྒྱད་ཅུ་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ། །​ཀླུའི་བདག་པོ་ད་ལྟར་ངའི་གསུང་རབ་འདི་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རབ་ཏུ་བྱུང་བ་ལས་རྩོད་པ་སྣ་ཚོགས་དང་། འཐབ་པ་སྣ་ཚོགས་དང་། འདུ་འཛི་སྣ་ཚོགས་ཀྱི་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན་ནོ། །​རྐྱེན་ནི་དེ་ཡིན་ཏེ། དེས་ནད་ལྟར་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་རྣམས་དེ་ལྟར་ཚད་མེད་དོ། །​ཀླུའི་བདག་པོ་ད་དུང་ཡང་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཕྱི་མའི་དུས་ཕྱི་མའི་ཚེ་ན་དགེ་སློང་སྡིག་ཅན་རྣམས་དང་། དགེ་སློང་མ་སྡིག་ཅན་རྣམས་དང་། དགེ་བསྙེན་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་ཚུལ་ཁྲིམས་ཉམས་པས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ། །​དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་འགྱུར་རོ། །​གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་གཏོགས་ལ་ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལགས་པ་དེ་དག་གི་ལས་རྣམས་ལ་ཁྱད་པར་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རབ་ཏུ་འབྱུང་བར་གཏོགས་ལ་ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་གི་སྦྱོར་བ་ནི་ཡོངས་སུ་མ་དག་ལ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པའི་ཕྱིར་དེ་དག་གི་བསམ་པ་ནི་ཡོད་དེ། དེ་དག་ནི་ཀླུའི་སྐྱེ་གནས་དེ་ནས་ཤི་འཕོས་ནས་ལྷག་པའི་བསམ་པ་དེའི་སྟོབས་ཀྱིས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་དེའི་དེ་བཞིན་གཤེགས་པ་དེ་དག་གི་བསྟན་པ་ལ་ཐེག་པ་ཇི་ལྟ་བ་བཞིན་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh153.html?part=UT22084-058-004-1083#UT22084-058-004-1083