Degé Kangyur volume 58, F.143.a

ལམ་བཟང་པོ་སྟོན་པའོ། །​ཐར་པའི་ལམ་དུ་ཁྲིད་པའོ། །​འགྲོགས་ན་བདེ་བའི་མཛའ་བཤེས་དང་། མཛའ་བོའི་མཆོག་དང་ལྡན་པའོ། །​སེམས་ཅན་ཐམས་ཅད་ཀྱི་རྩ་ལག་གོ། །​སྙིང་རྗེ་ཆེན་པོ་དང་ལྡན་པའོ། །​སེམས་ཅན་ཐམས་ཅད་ཀྱི་ཕན་པ་ཚོལ་བའོ། །སྐྱེས་བུ་མཆོག་གོ །​སྐྱེས་བུ་ཆེན་པོའོ། །​སྐྱེས་བུ་དམ་པའོ། །​སྐྱེས་བུ་ཁྱུ་མཆོག་གོ །​སྐྱེས་བུ་སེང་གེའོ། །​སྐྱེས་བུ་པད་མའོ། །​སྐྱེས་བུ་པད་མ་དཀར་པོའོ། །​སྐྱེས་བུ་གཅེས་པ་འཛིན་པའོ། །​སྐྱེས་བུ་གཙོ་བོའོ། །​སྐྱེས་བུ་ཅང་ཤེས་སོ། །​སེམས་ཅན་ཐམས་ཅད་ཕོངས་པ་དང་། སྡུག་བསྔལ་བ་ལས་ཐར་བར་བྱེད་པའོ། །​སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ། །​སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བའོ། །​སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད་པའོ། །​བདུད་རྩིའི་ཆོས་ཀྱི་མཆོག་སྟོན་པའོ། །​བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་འཛིན་པའོ། །​ཆོས་ཐམས་ཅད་ལ་དབང་བྱེད་པ་ཐོབ་པའོ། །​སེམས་ཅན་ཐམས་ཅད་ཀྱི་བདག་པོའོ། །​ཕ་མ་དང་ཉེ་དུར་གྱུར་པའོ། །​འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ། །​འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་འཐུན་པའོ། །​ཆོས་ཀྱི་དབང་ཕྱུག་གོ །​སེམས་ལ་དབང་བྱེད་པའོ། །​བསྟན་བཅོས་དང་ཡི་གེ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་སེམས་ཀྱི་གྲོགས་བྱེད་པའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གོས་དང་། ཟས་དང་། སྐོམ་དང་། བཟའ་བའི་བྱ་བ་བྱེད་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་དུས་ཚིགས་ཀྱི་བདེ་བ་བྱེད་པའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཐམས་ཅད་ལས་མི་འཇིགས་པར་བྱེད་པའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ལེགས་པར་བྱ་བའི་ལས་བྱེད་པའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་འགྱོད་པ་མེད་པར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཆོས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའོ། །​ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གཉི་གའི་དོན་བྱེད་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh153.html?part=UT22084-058-004-1058#UT22084-058-004-1058