Degé Kangyur volume 58, F.127.b

སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །​ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྲག་པ་དང་འཇིགས་པ་ཐམས་ཅད་དང་བྲལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པས་ཉེ་བར་བརྟན་པ་ཡིན་ཏེ་མཚན་གྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ་ངན་སོང་ཐམས་ཅད་ཡང་དག་པར་གཅད་པ་དང་། བཟོད་པའི་གོ་ཆ་བགོས་པ་ཡིན་ཏེ་དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ་དགེ་བའི་རྩ་བའི་ཚོགས་རྣམས་ཀྱིས་ཆོག་མི་ཤེས་པ་དང་། བསམ་གཏན་ལ་གནས་པ་ཡིན་ཏེ་ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ཏེ་ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་ཡིན་ཏེ་ཀུན་ཏུ་ཡོངས་སུ་བསྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་ཏེ་དོན་དང་ཆོས་དང་། ངེས་པའི་ཚིག་དང་སྤོབས་པ་ལ་མཁས་པ་དང་། གཟུངས་ཐོབ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་ལ་མཁས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ་དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྲག་པ་དང་འཇིགས་པ་ཐམས་ཅད་དང་བྲལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །​ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པར་བྱེད་ཀྱི། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་དང་། སྲོག་གི་ཕྱིར་ཡང་གཞན་དག་ལ་བརྙས་པར་མི་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ཐོབ་པས་ཀྱང་མཐོ་བར་མི་འཛིན་ལ་མ་ཐོབ་པས་ཀྱང་དམའ་བར་མི་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཀྱི་སེམས་བསྐྱེད་དེ་སྦྱིན་པ་སྦྱིན་པ་དང་། བགོ་བཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པ་དང་། གཞན་གྱི་བདེ་བས་དགའ་བ་ཡིན་ཏེ་ཕྲག་དོག་དང་སེར་སྣ་དང་བྲལ་བ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh153.html?part=UT22084-058-004-1027#UT22084-058-004-1027