Degé Kangyur volume 58, F.186.a

དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དག་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་བསོད་ནམས་ཀྱི་ཚོགས་སོགས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་སོགས་པ་དང་། བརྩོན་འགྲུས་ཆེན་པོ་ཤིན་ཏུ་བརྩམས་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཆོས་ཟབ་མོ་རྒྱ་ཆེན་པོ་ལ་སེམས་བསྐྱེད་པས་བཟོད་པ་སྐྱེས་པ་ཐོབ་པ་སྟེ། ཀླུའི་བདག་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ནོ། །​དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་དང་། གྲོང་རྡལ་པ་དང་། ཡུལ་གྱི་མི་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བློན་པོ་དང་། ནང་འཁོར་དང་། སྒོ་དཔོན་དང་། འཁོར་དང་། ཚོང་དཔོན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་བཤོས་གསོལ་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གཤེགས་སོ། །​ཞེས་ཐོས་ནས་དེར་སྲོག་ཆགས་བདུན་ཁྲི་ཉིས་སྟོང་དང་། རྒྱལ་པོ་མ་སྐྱེས་དགྲ་གཡོག་འཁོར་སུམ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས། བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །​དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤེགས་ན་ཆབ་ཀྱི་ཚོགས་དེ་ན་མཆིས་པ་དེ་གང་དུ་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་མཐོང་ན། དེའི་ཆུའི་ཕུང་པོ་དེ་དག་གང་དུ་སོང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh153.html?part=UT22084-058-004-1144#UT22084-058-004-1144