Degé Kangyur volume 58, F.18.b

དུག་ཞི་ནས་ནི་རང་བྱུང་སངས་རྒྱས་འགྱུར། །​སྲིད་གསུམ་འཇིག་རྟེན་འདི་ནི་ལུས་བདེ་འགྱུར་བའི་གཞི། །​འདོད་པའི་ཟས་རྒྱུ་ཅུང་ཟད་ཇི་སྙེད་འཇིགས་པ་སྟེ། །​བདག་གིས་ལུས་བཏང་འཇིགས་པ་མེད་པར་འགྱུར་བར་བྱ། །​བགྲང་བ་འདི་ལ་ཞུགས་པ་དེ་དག་གནོད་པ་བཟོད། །​ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་། །​དཀར་པོའི་ཕྱོགས་ནི་གང་ལའང་གྲོགས་པོ་གཅིག་པུར་འགྱུར། །​བདག་ནི་མི་དགེ་རྣམས་དང་རྩོད་པར་མི་བྱ་སྟེ། །​སངས་རྒྱས་བཟོད་པ་གསུངས་པས་བཟོད་པ་བདག་གི་གྲོགས། །​ཕྱོགས་བཅུའི་སངས་རྒྱས་དེ་དག་འདིར་ནི་བདག་གི་དཔང་། །​ཇི་ལྟར་སངས་རྒྱས་སྐུ་ལ་སེམས་ནི་མི་ཕྱེད་དེ། །​སངས་རྒྱས་དང་ནི་བདག་ཉིད་ཆེ་ལྷ་བདག་གི་གྲོགས། །​གནོད་པ་བཟོད་པར་བྱ་ཡི་སྡང་བར་མི་བྱའོ། །​གནོད་པ་ལུས་དང་ངག་ཡིད་རྣམ་པ་གསུམ་དུ་གསུངས། །​གང་བཟོད་དཔའ་བོ་དེ་ནི་མི་ཕྱེད་བཟོད་པ་ཡིན། །​ལུས་ཀྱི་སྡུག་བསྔལ་རྣམ་པ་མཐའ་ཡས་ཡོད་པ་དག །​གལ་ཏེ་ལུས་ལ་བཟོད་པ་ལུས་གནོད་དག་པར་འགྱུར། །​ལུས་ནི་དུམ་བུ་དུམ་བུར་གཏུབས་ཏེ་རྣམ་གཏོར་ཚེ། །​ཐབས་ལྡན་ཆེ་བའི་བདག་ཉིད་ཕ་རོལ་ཕྱིན་རྫོགས་འགྱུར། །​སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །​ཤེས་རབ་ཁྱད་འཕགས་དམ་པ་སྐད་ཅིག་ཙམ་གྱིས་འཛིན། །​ལུས་དང་ལུས་ལ་སྲེད་པའི་ཉོན་མོངས་རྣམས་ཀྱང་འདོར། །​སྦྱིན་དང་རབ་ཏུ་ལྡན་པའི་ཕ་རོལ་ཕྱིན་པར་འགྱུར། །​བྱམས་པས་འཇིག་རྟེན་ཁྱབ་བྱེད་ཚུལ་ཁྲིམས་ཉམས་མི་འགྱུར། །​བྱང་ཆུབ་རྗེས་སུ་འགྲོ་བས་ཚུལ་ཁྲིམས་དག་པ་འཛིན། །​བཟོད་པའི་སྟོབས་བསྐྱེད་ཡན་ལག་རྣམས་དང་ཉིང་ལག་གཅོད། །​དེ་ཡང་དེ་ཡི་བཟོད་པའི་ཕ་རོལ་ཕྱིན་ལ་སྦྱོར། །​བརྩོན་འགྲུས་གཅེས་པ་མ་ཞུམ་བར་སྐབས་སྒྱིད་ལུག་མེད། །​ལུས་ནི་རྣམ་པར་འཐོར་ཞིང་བརྩོན་འགྲུས་ཕ་རོལ་འགྲོ། །​བྱང་ཆུབ་སེམས་ཀྱི་བསམ་པ་དྲན་པ་མི་འདོར་ཞིང་། །​ཉོན་མོངས་མུན་པའི་རྡུལ་རྣམས་བསལ་ཕྱིར་རབ་ཏུ་བརྩོན། །​ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང་རྣམ་ཐར་འཐོབ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh152.html?part=UT22084-058-001-3042#UT22084-058-001-3042