།དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ་སྤྲེའུའི་ཕྲུ་གུ་དེ་གཉིས་བླངས་ནས་སྟེང་གི་བར་སྣང་ལ་གནས་པར་གྱུར་པ་དང་། རི་དགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བས་སྤྲེའུའི་ཕྲུ་གུ་དེ་གཉིས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་བ། །བདག་གི་སྤྲེའུའི་ཕྲུ་གུ་དེ་གཉིས་ཁྱེད་ཀྱིས་ཐོང་། །བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས། །སྐྱབས་སུ་དོང་བ་མ་གསད་ཁྱེད་ཀྱིས་ཐོང་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོས་རི་དགས་ཀྱི་རྒྱལ་པོ་སེང་གེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དགས་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན། །དེ་ལྟར་ན་ནི་འདི་གཉིས་མི་གསད་གཏང་བར་བྱ། །ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ་ལ་གནས། །ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད། །རི་དགས་ཀྱི་རྒྱལ་པོས་ཡང་སྨྲས་པ། བདག་ནི་བཏང་གིས་ཡོངས་སུ་བཟའ་བར་གྱིས། །བདག་གི་སྤྲེའུའི་ཕྲུ་གུ་གཉིས་ནི་བཏང་བར་གསོལ། །བྱང་ཆུབ་ཞུགས་པ་དམ་བཅས་སྲུང་བར་བྱེད། །མཁས་པ་དག་ནི་བརྫུན་དུ་སྨྲ་བ་མེད། །བདག་བརྫུན་འགྱུར་དུ་འོང་སྟེ་ལྷག་བསམ་པས། །དེ་ནས་དྲང་སྲོང་ཆེན་པོ་ལུས་འདོར་ཏེ། །དེ་ནས་ལྷག་པའི་བསམ་པས་དགར་གྱུར་ནས། །སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་གཏོང་ངོ་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་དེས་རྨད་དུ་བྱུང་བ་དེ་མཐོང་ནས་ནམ་མཁའ་ལ་གནས་ཏེ་ཆེད་དུ་བརྗོད་དེ་ཆེད་དུ་བརྗོད་པ། གང་དག་གཞན་ཕྱིར་རང་གི་ལུས་འདོར་བ། །དེ་དག་འཚོ་བའི་འཇིག་རྟེན་འདིར་བདེར་འཚོ། །ཁོ་བོས་སྤྲེའུའི་ཕྲུ་གུ་འདི་གཉིས་གཏང་བར་བྱ། །ཁྱོད་ཀྱང་འཚོ་ཞིང་རིང་དུ་ཆོས་སྤྱོད་ཅིག །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ང་ཉིད་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་ཏོ། །འོད་སྲུང་ཆེན་པོ་ནི་སྤྲེའུར་གྱུར་ཏོ། །སེར་སྐྱ་བཟང་མོ་ནི་སྤྲེའུ་མོར་གྱུར་ཏོ། །སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྤྲེའུ་ཕྲུག་ཏུ་གྱུར་ཏོ། །དགེ་སློང་ཕྲེང་བ་བཟང་པོ་ནི་དེའི་ཚེ་དེའི་དུས་ན་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ནི་ཡོངས་སུ་གཏང་བར་བྱའི་སྐྱབས་སུ་དོང་བ་རྣམས་ནི་ཡོངས་སུ་གཏང་བར་མི་བྱ་སྟེ་ཇི་སྐད་སྨྲས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ།