Degé Kangyur volume 57, F.200.b

བག་ཆགས་བཅོམ་ཞིང་ཚད་དང་ལྡན་མ་ཡིན། །​དེ་བཞིན་གང་དག་རང་རྒྱལ་བྱང་ཆུབ་རེག །​དེ་ལ་སྙིང་རྗེ་ཆེ་དང་སྤོབས་པ་མེད། །​ཟག་པ་དག་ནི་ཡོངས་སུ་ཟད་གྱུར་ནས། །​སྙིང་རྗེ་ཆེ་དང་སྤོབས་པ་ཚད་ཀྱང་མེད། །​སངས་རྒྱས་ཟག་ཟད་མཁྱེན་ལ་གནས་ནས་ནི། །​འགྲོ་བའི་ཟག་པ་ཡང་དག་མ་ཡིན་མཁྱེན། །​རིགས་པའི་གནས་ཀྱི་ཚུལ་འདི་མ་ཤེས་པས། །​སེམས་ཅན་འདི་དག་ཐམས་ཅད་ལོག་པར་སྦྱོར། །​དེ་ལ་རྒྱལ་བས་སྙིང་རྗེ་མི་ཟད་བསྐྱེད། །​མི་རྟག་སྟོང་པ་བདག་མེད་ཆོས་ཀྱང་སྟོན། །​ཆོས་འདི་དངོས་མེད་སྒྱུ་མ་ལྟ་བུར་ནི། །​རྟོགས་ལ་ཞི་མཆོག་ཡང་དག་ཐོབ་པར་གྱིས། །​འདི་ནི་སྲོག་དང་གང་ཟག་ཤེད་སྐྱེས་དང་། །​ཤེད་བུ་དེ་བཞིན་བྱེད་པ་པོ་མེད་ཀྱང་། །​སེམས་ཅན་འདི་ཀུན་ལོག་པར་ཞེན་པས་ན། །​སྙིང་རྗེ་བསྐྱེད་པ་སྟོན་པ་ཐར་པར་འཆད། །​བདེ་བར་གཤེགས་ལ་ཡོངས་སུ་སྐྱོ་མེད་ཅིང་། །​ཡང་དག་ཤེས་ལ་ནམ་ཡང་ཉེས་པ་མེད། །​དེས་ནི་རྒྱལ་བ་རྟག་ཏུ་རྣལ་འབྱོར་བརྩོན། །​འགྲོ་ལ་ཕན་ཕྱིར་ཆོས་ཀྱང་རབ་ཏུ་སྟོན། །​འདི་ནི་ཕ་རོལ་རྒོལ་བ་རབ་འདུལ་བ། །​སྟོབས་བཅུ་ལྡན་གྱི་རྒྱལ་དང་འཐུན་པའི་ལས། །​སྟོབས་བཅུ་མངའ་བ་སྟོབས་དེར་གནས་ནས་ནི། །​མཚུངས་མེད་འཁོར་ལོ་དམ་པ་རབ་ཏུ་བསྐོར།​། །​།བམ་པོ་ལྔ་པ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པོ་དག་ལ་རབ་ཏུ་གནས་ཏེ། འཕྲིན་ལས་མཛད་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་ཁྱོད་ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ཆོས་དང་འཐུན་པས་དེ་བཞིན་གཤེགས་པ་ལ་རྒོལ་མི་ནུས་སོ། །​ཅིའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མི་མཉམ་པ་མེད་པར་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ཡིན་པ་དང་། སློབ་པའི་ཆོས་རྣམས་གང་ཡིན་པ་དང་། མི་སློབ་པའི་ཆོས་རྣམས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང་། བྱང་ཆུབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh147.html?part=UT22084-057-006-1481#UT22084-057-006-1481