Degé Kangyur volume 57, F.58.b

འཇིགས་པ་མེད་པར་འགྲོ་བ་དང་། མྱ་ངན་ལས་འདའ་བར་འགྲོ་བ་དང་། འཆི་བ་མེད་པར་འགྲོ་བའི་ལམ་བཤད་ན། འོན་ཀྱང་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་སྤངས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་སྟེ། དེ་ལ་དེ་བཞིན་གཤེགས་པས་ནི་མ་ལན་ནོ། །​ཤ་ར་དྭ་ཏིའི་བུ་སེམས་ཅན་ཐམས་ཅད་ལ་ངའི་སྙིང་རྗེ་འདི་ལྟ་བུ་སྐྱེ་སྟེ། ངས་སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་མྱོང་བར་བྱའི་སེམས་ཅན་གཅིག་པོ་ནི་ཡོངས་སུ་གཏང་བར་མི་བྱའོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ནི་དེ་འདྲའོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། མི་ཞིག་ལ་བུ་གཅིག་པ་གཟུགས་བཟང་པ་མཛེས་པ། བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་ལ། དེ་རྐྱེན་འགའ་ཞིག་དང་ཕྲད་ནས་འཆི་བའི་དུས་བྱས་པར་གྱུར་ན། མི་དེ་བུ་ལ་སེམས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། ངུ་ཞིང་སྨྲེ་སྔགས་འདོན་ཏོ། །​ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་སྡུག་བསྔལ་བ་དག་ལ་བུ་གཅིག་པ་བཞིན་དུ་དགོངས་པ་མཛད་དེ། དེ་བཞིན་གཤེགས་པ་དག་ཉོན་མོངས་པ་རྣམས་དང་ལྷན་ཅིག་གནས་པ་ནི་མ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དག་ཀྱང་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་སོ། །​ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོའི་ཚོགས་ཆེན་པོ་མངོན་པར་སྤྲུལ་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh145.html?part=UT22084-057-004-2670#UT22084-057-004-2670