།ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཅིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་བྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་དལ་སྤངས་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་པ། །དད་པ་བྱང་ཆུབ་ཞིང་ནི་རྣམ་པར་སྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །དད་པས་མོས་པའི་ཁྱད་པར་དགའ་རྣམས་ཀྱི། །དེ་ལ་སྤྱོད་པ་རིམ་གྱིས་བརྗོད་པར་བྱ། །འདི་འདྲའི་ཆོས་ནི་འཇིག་རྟེན་རབ་དཀོན་ཏེ། །རྒྱ་མཚོའི་ནང་ན་རིན་ཆེན་རྒྱལ་པོ་བཞིན། །གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་ཚུལ་ཁྲིམས་བསླབ་པ་ཡོངས་མི་འདོར། །གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ། །ཡོན་ཏན་ལྡན་དེ་ཡོན་ཏན་ལྡན་པས་བསྟོད། །ཚུལ་ཁྲིམས་བྱང་ཆུབ་སེམས་སྟོན་བྱེད་པ་སྟེ། །སློབ་པའི་ས་ཡི་ཡོན་ཏན་རྣམས་ལ་སྦྱོར། །ཚུལ་ཁྲིམས་བསླབ་པ་འདོར་བར་མི་བྱེད་པ། །དེ་དག་རྒྱལ་བས་བསྔགས་པའི་འོས་སུ་འགྱུར། །གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་ལ་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་སངས་རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན།