Degé Kangyur volume 57, F.22.b

བར་དུ་འགྱུར་ཏེ། དེ་གང་དུ་ཐབས་ཀྱི་ཁྱད་པར་གཞན་བཙལ་བར་བྱ་བ་མེད་དོ། །​རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་དབེན་པ་ལས་སྐྱེ་བའོ། །​བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྟོན་པ་ཚད་མར་བགྱིས་པ་ལས་སྐྱེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོའི་ཆོས་རྣམས་ཡིད་ལ་བྱེད་པས་གང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་གསང་བ་བློས་མི་ཆུད་པ་དེ་ལ་སྟོན་པ་ཉིད་ཚད་མར་བྱེད་དོ། །​སྟོན་པ་ཉིད་ཚད་མར་བྱས་ནས་ཆོས་དེ་དག་ལ་མོས་སོ། །​དེ་ལྟར་ཚུལ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པས་བདག་གང་གི་ཚེ་སྟོན་པ་ལ་མོས་པར་མ་གྱུར་པ་དེའི་ཚེ་བདག་སྟོན་པས་བཤད་པའི་ཆོས་རྣམས་ལ་མོས་པར་མི་འགྱུར་ཏེ། སྟོན་པའི་ཆེ་བ་ཉིད་ལ་མོས་པ་ཤིན་ཏུ་མ་རུང་བར་མ་བྱས་པར་རིག་ནས་སྟོན་པ་ལ་མོས་པ་འཇུག་པ་ཐེག་པ་ཆེན་པོའི་ཆོས་གསང་བ་དག་ལ་མོས་པ་འཇུག་གོ། །​བྱང་ཆུབ་སེམས་དཔའ་ཇི་ལྟ་ཇི་ལྟར་ཁོང་དུ་ཆུད་ཅིང་རྟོགས་ནས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་གསང་བ་དེ་དག་ལ་དད་པ་ཐོབ་པ་དེ་ལྟར་ཁོང་དུ་མ་ཆུད་ཅིང་མ་རྟོགས་ཀྱང་བྱང་ཆུབ་སེམས་དཔའ་མོས་པའི་སྟོབས་བསྐྱེད་པས་ཆོས་དེ་དག་ལ་དད་པ་ཐོབ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྟོན་པ་ཚད་མར་བྱས་པ་ལས་སྐྱེ་བའོ། །​བྱང་ཆུབ་སེམས་དཔའ་དད་པ་ཐབས་ཆེན་གྱིས་གསོལ་པ། དེ་ལྟར་སྐྱེ་བ་སྣ་ཚོགས་འདི་དག་གིས་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་གང་ཡིད་ལ་བགྱིས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་དཔག་ཏུ་མེད་པ་བཅུ་ཡིད་ལ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱའོ། །​བཅུ་གང་ཞེ་ན། ཆོས་དཔག་ཏུ་མེད་པ་དང་། ཟབ་པ་དཔག་ཏུ་མེད་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh144.html?part=UT22084-057-003-372#UT22084-057-003-372