།བསྟན་པ་འདི་ལ་བདེ་བ་ཀུན་རྙེད་ནས། །ང་ཡི་སྲས་རྣམས་ལ་ནི་སྡང་བར་བྱེད། །བྱང་ཆུབ་དོན་གཉེར་ཁ་ཅིག་འདིར་རབ་འབྱུང་། །བྱང་ཆུབ་སྨྲ་སྟེ་བྱང་ཆུབ་གནས་མ་ཡིན། །རྒྱ་མཚོ་ཆུ་མཐའ་ཕྱི་མཐའ་རིང་བ་ལྟར། །འདིར་ཡང་མ་བསྡམས་བྱང་ཆུབ་དེ་བཞིན་ནོ། །རྙེད་དང་མཛའ་བོའི་ཁྱིམ་ལ་སྟེན་པའི་ཕྱིར། །བདག་ཅག་ཡང་དག་རབ་ཏུ་བྱུང་བ་སྟེ། །སྤྱོད་ལམ་དང་ནི་དགོན་པར་རྣམ་དག་ཅིང་། །མཁན་པོ་དང་ནི་མཛའ་བོས་དག་ཅེས་འཛེར། །གང་དག་ང་ཡི་བསྟན་འདིར་རབ་བྱུང་ནས། །པད་མ་ཆུ་ལྟར་འཇིག་རྟེན་ཆོས་གནས་ཏེ། །ཚུལ་འདི་ཇི་བཞིན་མདོ་སྡེ་འདིར་བརྩོན་པ། །དེ་དག་ང་ཡི་བྱང་ཆུབ་ཡང་དག་སྲུང་། །མཆོག་ཏུ་དགའ་བའི་རྒྱལ་པོ་ཁྱོད་བསྟན་གྱིས། །བློ་ངན་དེ་དག་ལྟ་བུར་བསླབ་མི་བྱ། །ནན་ཏན་གྱིས་ནི་སངས་རྒྱས་ཡོན་ཏན་ཐོབ། །དེ་ཕྱིར་རྟོག་པ་མེད་པར་རབ་ཏུ་སྦྱོར། །ཁྲག་ཁྲིག་ཞིང་གི་མི་རྣམས་ཇི་སྙེད་པས། །གང་གཱའི་བྱེ་སྙེད་བླངས་ནས་བཏབ་པ་དག །དེ་ལ་བྱེ་སྙེད་ས་བོན་ཇི་ཙམ་པར། །འབྲས་བུ་རེ་རེ་བྱུང་བར་གྱུར་པ་ཡི། །དེ་ལྟའི་ཐབས་ཀྱིས་བྱེ་མ་རྒྱ་ཆེ་བ། །སྟོང་འགྱུར་དུ་ནི་ཡོངས་སུ་བསྒྱུར་བྱས་ནས། །ཇི་སྙེད་ཞིང་རྣམས་མཐའ་ཡས་རབ་འདས་ཤིང་། །གཅིག་ཅེས་བྱ་བར་མཚན་མ་བཞག་གྱུར་ལ། །དེ་ལྟའི་ཚུལ་གྱིས་སྔ་ན་ཡོད་པ་ཡི། །བྱེ་མ་དག་ནི་ཐམས་ཅད་ཟད་གྱུར་པ། །དེ་ཙམ་ཚད་ཀྱི་ཕྱོགས་བཅུ་ཇི་སྙེད་པ། །ཞིང་རྣམས་རྒྱལ་བ་རྣམས་ཀྱིས་ཡོངས་གང་ལ། །སངས་རྒྱས་རེ་རེའང་དེ་སྙེད་དབུར་གྱུར་ཏེ། །དབུ་ཀུན་ལ་ཡང་དེ་སྙེད་ལྗགས་གྱུར་ལ། །དེ་དག་བསྐལ་པ་གང་གཱའི་བྱེ་སྙེད་དུ། །མདོ་སྡེ་འདིར་གནས་དེ་ཡི་བསྔགས་བརྗོད་ཀྱང་། །རི་རབ་ཡུངས་འབྲུ་ནམ་མཁའ་རྩྭ་ཙམ་དང་། །རྒྱ་མཚོ་ལས་ནི་ཐིགས་གཅིག་བླངས་པ་བཞིན། །དེ་ལྟར་དེ་ཡི་ཡོན་ཏན་བརྗོད་གྱུར་པ། །དེ་ཕྱིར་རྟོག་མེད་ཚུལ་དུ་རབ་ཏུ་སྦྱོར། །དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང་། བྱམས་པ་དང་། སེང་གེ་རབ་སྣང་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བའི་ཆོས་དེ་ཆོས་གང་གི་ཚིག་བླ་དགས་ལགས།