Degé Kangyur volume 55, F.219.b

།འགྲོ་ལ་སྨན་སླད་དགུང་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་ནི། །​བསམ་གཏན་མཁའ་ཁྱབ་རིན་ཆེན་མཆོག་ལ་བསམ་གཏན་མཛད་པར་གདའ། །​མུ་སྟེགས་ཅན་གྱི་ཚོགས་རྣམས་ཐམས་ཅད་ཚར་གཅད་མཛད་སླད་དུ། །​སེམས་ཅན་དག་པ་བྱང་ཆུབ་ཤིང་དྲུང་དུ་ཡང་གཤེགས་པར་གདའ། །​འགྲོ་རྣམས་སངས་རྒྱས་ཡེ་ཤེས་མཆོག་ཏུ་ཡོངས་སྨིན་མཛད་སླད་དུ། །​མི་དབང་སྒྱུ་མ་ལྟ་བུའི་ཏིང་འཛིན་མཆོག་ལ་བཞུགས་མཛད་ནས། །​སྐུ་ཡི་ཚུལ་ནི་གང་གིས་འཇིག་རྟེན་རྣམ་པར་འདུལ་འགྱུར་བ། །​རྒྱལ་བ་དེ་འདྲ་ཉིད་ཀྱི་སྐུ་ཡི་ཆ་ལུགས་འཛིན་པར་མཛད། །​ཇི་ལྟར་སྒྱུ་མ་མཁན་གྱིས་འགྲོ་བ་རྨོངས་པར་བགྱི་སླད་དུ། །​སྒྱུ་མ་མང་པོའི་རྣམ་པར་འཕྲུལ་པ་རབ་ཏུ་སྟོན་བགྱིད་པ། །​དེ་བཞིན་འགྲོ་བ་སྒྲོན་མས་སེམས་ཅན་འདུལ་བར་མཛད་སླད་དུ། །​སངས་རྒྱས་ཉིད་ཀྱི་རྣམ་པར་འཕྲུལ་པ་མང་པོ་རྣམས་ཀྱང་སྟོན། །​ཐུབ་པ་དཔའ་བོ་ལ་ལར་དཔུང་དང་བཅས་པའི་བདུད་འདུལ་སྟོན། །​གང་ལ་ཕ་རོལ་མུ་སྟེགས་ཚོགས་ཀྱི་འགྲོ་བ་མ་མཆིས་ཤིང་། །​རྡུལ་བྲལ་མྱ་ངན་མ་མཆིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ། །​བླ་ན་མེད་པ་འགྱུར་བ་མ་མཆིས་འཁོར་ལོ་རབ་ཏུ་བསྐོར། །​ཁྱོད་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ནས་བྱང་ཆུབ་བརྙེས། །​ཕྱོགས་ཀྱི་ལམ་རྣམས་ཐམས་ཅད་དུ་ཡང་འཁོར་ལོ་བསྐོར་བ་མཛད། །​མི་ཡི་དབང་པོ་ཀུན་ནས་ཞལ་ལྡན་ཆུ་ཟླ་བཞིན་དུ་བཞུགས། །​བདེ་གཤེགས་རང་བྱུང་མཐའ་ཡས་ཡུལ་ལ་བདག་ཅག་ཕྱག་འཚལ་ལོ། །​ལ་ལ་དག་ལ་སངས་རྒྱས་ཆོས་ཀྱི་སྐུ་ནི་སྟོན་མཛད་པ། །​རྟག་པ་བརྟན་པ་ཐེར་ཟུག་འགྱུར་བ་མ་མཆིས་གྱུར་པ་དང་། །​མ་བགྱིས་མ་སྐྱེས་དྲི་མ་མ་མཆིས་འགོག་པ་མ་མཆིས་ཆོས། །​མིག་ཡོར་འདྲ་བས་ཕྱོགས་བཅུ་དག་ནི་ཤིན་ཏུ་རྒྱས་པར་འགེངས། །​རིང་པོར་མི་ཐོགས་པར་ནི་སྡུག་པ་དག་དང་འབྲལ་འགྱུར་གྱིས། །​འདུས་བྱས་འདི་ལ་ཁྱེད་ཅག་ཡིད་བརྟན་བྱ་བའི་མི་རིགས་ཞེས། །​འགྲོ་བ་ཐམས་ཅད་རྨི་ལམ་སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། །​མི་རྟག་མི་བརྟན་སྐད་ཅིག་པར་ཡང་ལ་ལ་དག་ལ་སྟོན། །​བདེ་གཤེགས་སྐུ་ཡི་ཕྲིན་ལས་མཐའ་དང་ཕ་རོལ་ཡོད་མ་མཆིས། །​གསུང་དང་ཐུགས་ཀྱི་འཇུག་པའི་སྤྱོད་ཡུལ་དག་ཀྱང་དཔག་མི་ལང་། །​ནམ་མཁའ་ལྟ་བུར་རྒྱ་ཆེ་ཚད་མ་མཆིས་པ་སྟོན་མཛད་དེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh130.html?part=UT22084-055-004-270#UT22084-055-004-270