Degé Kangyur volume 55, F.169.b

མགོན་པོ་རྣམས་ཀྱི་ཐབས་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་བདེ་བ་དང་ལེགས་པར་འགྲོ་བའི་ཕྱིར་རོ། །​དེ་ལ་ཕྲ་མོ་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པ་ལ་དམིགས་པ་རྣམ་པར་ཞི་བའི་ཕྱིར་རོ། །​དེ་ལ་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་རིག་པར་དཀའ་བའི་ཕྱིར་རོ། །དེ་ལ་མི་བརྩོན་པ་རྣམས་ཀྱིས་རིག་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སྔོན་མ་ཐོས་པའི་ཕྱིར་རོ། །​དེ་ལ་ཡི་གེ་རྣམས་ལྡོག་པ་གང་ཞེ་ན། འདི་ལྟ་སྟེ། ཚིག་གི་ལམ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །​དེ་ལ་སྒྲས་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །​དེ་ལ་མཁས་པ་དག་གིས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། རིན་པོ་ཆེ་དོན་ཆེ་བའི་ཕྱིར་རོ། །​དེ་ལ་ངེས་པ་དག་གིས་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། བཀུར་སྟི་ཀུན་ཤེས་པའི་ཕྱིར་རོ། །​དེ་ལ་འདོད་པ་ཉུང་བས་རྟོགས་པ་གང་ཞེ་ན། འདི་ལྟ་སྟེ། བཀུར་སྟི་མི་སྐྱེད་པའི་ཕྱིར་རོ། །དེ་ལ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་གང་ཞེ་ན། འདི་ལྟ་སྟེ། བརྩོན་པ་མི་འདོར་བའི་ཕྱིར་རོ། །​དེ་ལ་དྲན་པ་ཅན་གྱིས་བཅངས་པ་གང་ཞེ་ན། འདི་ལྟ་སྟེ། བྱས་པ་ཆུད་མི་ཟ་བའི་ཕྱིར་རོ། །​དེ་ལ་སྡུག་བསྔལ་ཟད་པ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤོང་བར་འགྱུར་བའི་ཕྱིར་རོ། །​དེ་ལ་ཆོས་མི་སྐྱེ་བ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །​དེ་ལ་བསྟན་པ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྲིད་པའི་འགྲོ་བ་དང་། འཆི་འཕོ་དང་། སྐྱེ་བའི་གནས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ཆོས་ཐམས་ཅད་མི་སྐྱེད་པའི་ཕྱིར་རོ། །​འདི་ནི་ཚིག་སུམ་བརྒྱ་པོ་འདི་རྣམས་རྒྱས་པར་བསྟན་པར་རིག་པར་བྱ་སྟེ། གཞོན་ནུ་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །​སངས་རྒྱས་ཆོས་ནི་རྒྱ་ཆེ་སྟེ། །​ཚུལ་ཡང་རྒྱ་ཆེར་བསྟན་པ་ཡིན། །​ཆོས་རྣམས་རྒྱ་ཆེར་བསྟན་པས་ན། །​ཡོན་ཏན་རྒྱ་ཆེན་ཐོབ་པར་འགྱུར། །​ཇི་ལྟར་ནམ་མཁའ་རྒྱ་ཆེ་བ། །​ཆོས་ཀྱི་མཚན་ཉིད་དེ་བཞིན་ཏེ། །​རིན་ཆེན་འོད་ཟེར་རྒྱ་ཆེན་གང་། །​དེ་ཕྱིར་ཤིན་ཏུ་རྒྱས་ཞེས་བྱ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-6170#UT22084-055-001-6170