Degé Kangyur volume 55, F.159.a

རྐྱེན་ལས་སྐྱེས་པ་རྨི་ལམ་སླུ་བ་བཞིན། །​ཚིག་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །​དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །​འགོག་པ་རྟག་ཏུ་རྨི་ལམ་ཇི་བཞིན་ཏེ། །​མྱ་ངན་འདས་པའང་རྨི་ལམ་ཇི་བཞིན་དུ། །​ཚིག་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །​ཚིག་ནི་གང་ཡང་རྙེད་པར་མི་འགྱུར་ཏེ། །​རྟོག་པར་མི་བྱེད་རློམ་སེམས་དེ་མི་བྱེད། །​ནམ་ཡང་མི་ལྟ་ཆགས་པར་མི་བྱེད་དེ། །​དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་ཡིད་ཀྱི་སྡོམ་པས་བསྡམ་པར་བྱའོ་ཞེས་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འཇིགས་པ་མེད་པ་རྣམས་དང་། མི་འཁྲུགས་པའི་སེམས་རྣམ་པར་གྲོལ་བ་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབར་བའི་བྱེ་བྲག་དང་འདྲ་བ་ཞེས་བྱ་བའི་འོད་ཟེར་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡན་ལག་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་དབྱངས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་བཙུན་པ་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །​ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་པར་འགྱུར་བ་དེ་ནི་གཞོན་ནུ་ཡིད་ཀྱི་སྡོམ་པ་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-6149#UT22084-055-001-6149