Degé Kangyur volume 55, F.125.b

།།དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །​དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དེའི་ཕྱིར་ཀུན་དགའ་བོ་བདག་གི་སྟན་ལ་འདུག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​ཞུས་པ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་བདག་ལ་སྐབས་ཕྱེའོ། །​བདེ་བར་གཤེགས་པ་བདག་ལ་སྐབས་ཕྱེའོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གནང་བ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟན་ལ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་གི་རྒྱུ་གང་གི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་མཐའ་ཡས་པ་སྤྱོད་པ་དག་ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། རྣ་བ་བཅད་པ་དང་། སྣ་བཅད་པ་དང་། མིག་དབྱུང་བ་དང་། མགོ་བཅད་པ་དང་ལུས་བཅད་པ་དང་ཡན་ལག་བཅད་པར་གྱུར། སྡུག་བསྔལ་རྣམ་པ་སྣ་ཚོགས་གཞན་དག་ཀྱང་མྱོང་བར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཉམས་པར་མི་འགྱུར་བའི་རྒྱུ་གང་ལགས་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀུན་དགའ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་སྒྲུབ་པ་ན། ངས་སྡུག་བསྔལ་ཇི་སྙེད་མྱོང་བར་གྱུར་པ་ཁྱོད་ཀྱིས་ཤེས་ཤིང་དེ་དག་དྲན་ན་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་འདི་ཡོངས་སུ་འདྲི་བར་སེམས།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-6082#UT22084-055-001-6082