Degé Kangyur volume 55, F.96.a
།དྲི་ཞིམ་སྤོས་མཆོག་དམ་པས་སོ་སོར་བརྒྱན། །རྫིང་བུ་སྡུག་ཅིང་ཤིན་ཏུ་མཛེས་པར་གྱུར། །དེ་ཚེ་འཛམ་བུའི་གླིང་འདིར་རྒྱལ་པོ་ནི། །མི་དབང་བརྟན་པས་བྱིན་ཞེས་བྱ་བ་བྱུང་། །དེ་ཡི་བུ་ཡང་བརྒྱ་ཕྲག་ལྔ་ཡོད་དེ། །བྱད་བཞིན་བཟང་ཞིང་ཤིན་ཏུ་བལྟ་ན་སྡུག །དེ་ཚེ་རྒྱལ་སྲིད་ཞི་ཞིང་བདེ་བར་གྱུར། །གཙེ་བ་མེད་ཅིང་དབྱངས་དགའ་རྣལ་དུ་བབ། །འཛམ་བུའི་གླིང་ཡང་མེ་ཏོག་མང་པོས་བརྒྱན། །ལྷ་ཡི་གནས་དང་མཚུངས་ཤིང་བྱེ་བྲག་མེད། །དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་རྨི་ལམ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་གང་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་གནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་མེད། །ཐམས་ཅད་ཡོད་པའང་མ་ཡིན་མེད་པའང་མིན། །འདི་ན་ལྟ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་གྱུར་པའི་མཆོག །དཀར་པོའི་ཆོས་མཆོག་ཡོན་ཏན་བསགས་པ་སྟེ། །ཡོན་ཏན་ཡེ་ཤེས་གཟུངས་དང་སྟོབས་རྣམས་དང་། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་བྱ་བའི་མཆོག །མངོན་ཤེས་མཆོག་ལྔ་འཐོབ་པ་དམ་པའི་ཚུལ། །འདིར་ནི་རང་བཞིན་གང་ནའང་ཤེས་པ་མེད། །འགྲོ་དང་འཇུག་མེད་མཁས་པའི་ཆོས་ཀྱི་འགྲོས། །ཆོས་ཀྱི་དབྱིངས་ནི་གར་ཡང་མི་འགྲོ་སྟེ། །དེ་འདྲའི་འགྲོ་བ་འགྲོ་མེད་ཆོས་ཀྱི་འགྲོས། །དབྱངས་ཀྱི་ཚོགས་མེད་ངོ་བོ་ཉིད་ཀྱི་འགྲོས། །འགྲོ་བའི་རང་བཞིན་གང་དུའང་མི་གནས་ཏེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-6023#UT22084-055-001-6023