Degé Kangyur volume 55, F.69.b
།མི་དེ་འཇིག་རྟེན་ན་ཡང་བདེ་སྐྱིད་རྟག །སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང་། །སུ་དག་ཅི་ལའང་བདག་གིར་བྱ་བ་མེད། །ཡོངས་སུ་འཛིན་པ་རྣམ་པ་ཀུན་ཏུ་སྤངས། །བསེ་རུ་བཞིན་དུ་འཇིག་རྟེན་འདི་ན་གནས། །ནམ་མཁའ་ལ་ནི་རླུང་དག་རྒྱུ་བ་བཞིན། །ལམ་རྣམས་བསྒོམས་ཤིང་ཡེ་ཤེས་རབ་ཏུ་ཞུགས། །ཆོས་རྣམས་ཐམས་ཅད་སྟོང་པ་བདག་མེད་པར། །ཆོས་རྣམས་འདི་དག་གང་གིས་རབ་བསྒོམས་པ། །དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །སུ་དག་འཇིག་རྟེན་ན་ནི་ཡིད་ཆགས་མེད། །དེ་དག་སེམས་ནི་རྟག་ཏུ་རླུང་དང་འདྲ། །སྡུག་དང་མི་སྡུག་ལ་ཡང་ཆགས་པ་མེད། །འཇིག་རྟེན་ན་ནི་མི་དེ་ཤིན་ཏུ་སྐྱིད། །མི་སྡུག་པ་དང་འགྲོགས་པ་སྡུག་བསྔལ་ཏེ། །སྡུག་པ་དང་ཡང་བྲལ་བ་སྡུག་བསྔལ་ཡིན། །མཐར་བྱས་འདི་གཉིས་རབ་ཏུ་སྤངས་ནས་ནི། །མི་གང་ཆོས་ལ་དགའ་བ་དེ་དག་སྐྱིད། །གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པ་ལོག་པ་དེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །སུ་དག་མཉམ་པ་ཉིད་ལ་རབ་གནས་ཏེ། །རྟག་ཏུ་ཁེངས་པ་མེད་ཅིང་འདུད་པ་མེད། །སྡུག་དང་མི་སྡུག་པ་ལས་རབ་གྲོལ་བ། །དེ་དག་རྟག་ཏུ་གྲོལ་ཡིད་ལེགས་པར་གནས། །ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང་། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་ཡོང་མི་འགྱུར། །མི་བདེན་པ་ལ་སུ་དག་རབ་ཞུགས་ཤིང་། །བྱིས་པ་འདོད་པའི་ཡོན་ཏན་རྟག་ཏུ་དགའ། །བྱ་རྒོད་དག་ནི་རོ་ལ་མོས་པ་བཞིན། །དེ་དག་རྟག་པར་བདུད་ཀྱི་དབང་དུ་འགྲོ། །ཡང་པི་བང་གི་སྒྲ་དེ་ལས་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བྱུང་ནས་ཟླ་འོད་གཞོན་ནུར་གྱུར་པས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཟབ་མོ་ངེས་པར་རྟོགས་པ་ལ་མཁས་པ་རྗེས་སུ་ཐོབ་བོ། །དྲི་ཟའི་བུ་གཙུག་ཕུད་ལྔ་ཅན་ཡང་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་ཡི་སྐྱེ་དགུ་སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5970#UT22084-055-001-5970