Degé Kangyur volume 55, F.62.a
།འདི་ནི་ཆུ་བོ་རྒལ་བའི་གྲུ་ཡིན་ཏེ། །འདི་ནི་སྙན་གྲགས་བསྔགས་ཕྲེང་འཕེལ་བར་བྱེད། །གང་གིས་ཏིང་འཛིན་ཞི་བ་འདི་བཤད་པ། །དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་ཡིན། །སྐྱེས་བུ་ཁྱུ་མཆོག་ལ་ཡང་བསྔགས་པ་སྟེ། །བྱང་ཆུབ་སེམས་དཔའི་མི་ཟད་ཡོན་ཏན་ཚུལ། །གང་དག་ལ་ནི་ཏིང་འཛིན་འདི་བཤད་པ། །འདི་ནི་ཞེ་སྡང་ཞི་བར་བྱམས་པ་བསྟན། །འདི་ནི་སྙིང་རྗེ་ཅན་གྱི་བཏང་སྙོམས་ས། །འདི་ནི་གྲགས་པ་ཆེན་པོའི་དབུགས་འབྱིན་པ། །སེང་གེའི་སྒྲ་སྒྲོགས་རྣམས་ཀྱི་ནན་ཏན་ཏེ། །འདི་ལས་སངས་རྒྱས་ཡེ་ཤེས་མཆོག་ཀྱང་འབྱུང་། །ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །ཏིང་འཛིན་འདི་ནི་འདྲེན་པ་དག་གིས་བཤད། །ཏིང་འཛིན་ཞི་བ་རྒྱལ་བས་བཤད་པ་འདི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད། །འདི་ནི་བྱང་ཆུབ་རབ་ཞུགས་སྤྱོད་པ་སྟེ། །བདུད་ཀྱི་སྡེ་རྣམས་ཤིན་ཏུ་སྐྲག་པར་བྱེད། །རྒྱལ་བས་ཏིང་འཛིན་ཞི་བ་འདི་བཤད་པ། །སྐྱོབ་པ་ཆོས་ལ་གནས་པའི་རིག་སྔགས་འདི། །དགྲ་ཡི་ནང་དུ་སྲུང་བ་དམ་པ་སྟེ། །ཕས་ཀྱི་རྒོལ་བ་ཆོས་ཀྱིས་ཚར་གཅོད་པ། །ཏིང་འཛིན་ཞི་བ་འདི་ལ་བསྟེན་བྱས་ན། །འདི་ནི་སྤོབས་པའི་སར་ཡང་རབ་ཏུ་བསྟན། །སྟོབས་དང་རྣམ་ཐར་དེ་བཞིན་དབང་པོ་དང་། །སངས་རྒྱས་ཆོས་རྣམས་བཅྭ་བརྒྱད་བྱེ་བྲག་འཕགས། །སྟོབས་བཅུ་རྣམས་ཀྱང་ཡོངས་སུ་ཚོལ་བ་སྟེ། །སངས་རྒྱས་ཡེ་ཤེས་ཀྱི་ཡང་སྔ་ལྟས་སོ། །སྐྱེས་མཆོག་འཇིག་རྟེན་ཕན་ཞིང་ཐུགས་བརྩེ་བས། །སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན་པའང་ཡིན། །སངས་རྒྱས་དག་གི་སྲས་ཀྱིས་འདི་བཟུང་སྟེ། །འདི་ནི་རྣམ་ཐར་འདོད་པའི་ལམ་དུ་བསྟན། །ཏིང་འཛིན་ཞི་བ་མཐོང་དཀའ་འདི་ཐོས་ནས། །དེ་ལ་བདེ་གཤེགས་སྲས་པོ་དགའ་བར་འགྱུར། །སངས་རྒྱས་ཡེ་ཤེས་ཡོངས་སུ་རྫོགས་པ་དང་། །བྱང་ཆུབ་སེམས་དཔའ་མཁས་པ་ཚོལ་བ་འདི། །རྣམ་དག་སེམས་གཙང་ཉོན་མོངས་མེད་པ་ཡིས། །ཏིང་འཛིན་ཞི་བ་འདི་ལ་བསྟེན་པར་གྱིས། །རྒྱལ་བ་བཞིན་དུ་དེ་ཡི་ལུས་དག་སྟེ། །རྣམ་པར་ཐར་དང་ཡེ་ཤེས་རྣམ་གྲོལ་མཐོང་། །འདོད་ཆགས་འཆིང་བས་རྟག་ཏུ་ཉོན་མི་མོངས། །ཏིང་འཛིན་བཟང་པོ་འདི་ལ་བསྟེན་པར་གྱིས།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5955#UT22084-055-001-5955