།འཁོར་གྱི་ནང་དུ་སྟན་ལ་འདུག་ནས་སུ། །མཁས་པ་བློ་གྲོས་འཆང་བ་དེ་དག་ནི། །མདོ་སྡེ་བྱེ་བ་བརྒྱ་དག་རབ་ཏུ་སྟོན། །དེ་དང་དེ་དག་མང་དུ་ཐོས་པ་ཡིན། །ཐོས་པ་འཛིན་པ་སངས་རྒྱས་ཆོས་རྣམས་འཛིན། །ཆོས་ཀྱི་མཛོད་རྣམས་ཤིན་ཏུ་འཛིན་བྱེད་དེ། །ཐུབ་པའི་ཆོས་ཀྱི་གཏེར་ལ་དགའ་བ་ཡིན། །དེ་དང་དེ་དག་ཤེས་རབ་ཡངས་པ་ཡིན། །དགའ་བ་དག་ཀྱང་རྒྱ་ཆེར་རྟག་ཏུ་སྐྱེད། །ཞིབ་ཅིང་འབྱུང་བར་འགྱུར་བ་བལྟ་དཀའ་བ། །ཞི་བའི་ཆོས་མཆོག་རྣམས་ཀྱང་རབ་ཏུ་སྟོན། །དེ་དག་ཆོས་དང་ཆོས་མིན་ཤེས་པ་སྟེ། །དེས་ཤིང་བློ་གྲོས་ལྡན་པ་ཆོས་ལ་གནས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་སྟོན་བྱེད་ཅིང་། །མཚུངས་མེད་ཆོས་ཀྱི་མཆོག་ལ་རྟག་ཏུ་སྤྱོད། །དེ་དག་ཆོས་ཀྱི་མཆོག་ལ་ལྷུར་བྱེད་དེ། །བླ་མ་ལ་ཡང་རི་མོ་བྱེད་པར་གནས། །ཆོས་ཀྱི་གྲོང་ཁྱེར་མཆོག་ལ་གནས་པ་སྟེ། །བློ་གྲོས་ལྡན་པ་ཆོས་ཀྱི་རྒྱལ་མཚན་སྒྲེང་། །དེ་དག་དྲེགས་ཤིང་རྒྱགས་པའི་སེམས་ཅན་རྣམས། །རྟག་ཏུ་བག་མེད་པ་ལ་གནས་པ་མཐོང་། །རབ་ཏུ་མ་རུངས་ལོག་པའི་ལམ་སོང་ཞིང་། །འཁོར་བའི་ལམ་ལ་གནས་པ་མཐོང་ནས་ནི། །དེ་ལ་བྱམས་དང་སྙིང་རྗེ་རྒྱ་ཆེར་བསྐྱེད། །དགའ་དང་བཏང་སྙོམས་དག་ལའང་རབ་གནས་ཏེ། །དེ་དག་ལ་ནི་ཡན་ལག་བརྒྱད་ལྡན་པ། །ལམ་མཆོག་ཞི་བ་བལྟ་དཀའ་རབ་ཏུ་སྟོན། །དེ་དང་དེ་དག་ལེགས་བྱས་ཆོས་ཀྱི་གྲུ། །བཤམས་ནས་འཁོར་བའི་རྒྱུན་ཏུ་སོང་བ་དག །རྒྱ་མཚོ་ཆེན་པོར་ལྷུང་ཞིང་ཁྱེར་བ་ཡི། །སེམས་ཅན་མང་པོ་དག་ནི་སྒྲོལ་བར་བྱེད། །བྱང་ཆུབ་ཡན་ལག་སྟོབས་དང་དབང་པོ་ཡིས། །གོ་བགོས་དམ་པའི་ཆོས་ཀྱི་གྲུར་ཞུགས་ནས། །ཕ་རོལ་འགྲམ་བདེ་རྟག་ཏུ་འཇིགས་མེད་པར། །ཁོར་མོར་སེམས་ཅན་རྣམས་ཀྱང་འགོད་པར་བྱེད། །དེ་དག་སྨན་པའི་གཙོ་བོ་དཀའ་ཐུབ་ལ། །ཤིན་ཏུ་སྤྱད་པ་རིག་བྱེད་སྨན་པའི་མཆོག །རིག་པ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །དམ་པའི་ཆོས་ཀྱི་རྩི་ཡང་སྦྱིན་པར་བྱེད། །ནད་ནི་རྣམ་པ་མང་པོས་བཏབ་པ་ཡི། །སེམས་ཅན་ན་བ་དག་ཀྱང་མཐོང་ནས་སུ། །དེ་དག་ལ་ནི་ཆོས་ཀྱི་བཀྲུ་སྨན་གཏོང་། །ཆོས་རྣམས་ཀྱིས་ནི་དེ་དག་གསོ་བ་བྱེད། །དེ་དག་སྨྲ་བ་ཕ་རོལ་རྒོལ་བ་འཇོམས། །འཇིག་རྟེན་དབང་པོ་ཚིག་གི་དབང་ཕྱུག་ལྡན། །ཤེས་བྱ་ཀུན་ལ་འོད་བྱེད་བློ་གྲོས་འཆང་། །ཡེ་ཤེས་དམ་པའི་ས་ལ་རབ་ཏུ་གནས། །དཔའ་བོ་ཡེ་ཤེས་སྟོབས་ལྡན་སྟོབས་འཇོམས་པ། །ཡེ་ཤེས་ལྡན་པ་དག་གིས་ཡང་དག་བསྔགས།