Degé Kangyur volume 55, F.59.a

བྱེ་བ་སྟོང་ཕྲག་བཅུ་བཞིར་ཚང་བ་བྱུང་། །​དེ་ཡང་སྟོན་ཟླ་ཐ་ཆུངས་ཉ་བ་ལ། །​ཡན་ལག་བརྒྱད་ལྡན་གསོ་སྦྱོང་བཟུང་ནས་ནི། །​བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་ལྷན་ཅིག་ཏུ། །​འཇིག་རྟེན་གཙོ་བོའི་དྲུང་དུ་ཉེ་བར་འོངས། །​རྐང་གཉིས་གཙོ་བོའི་ཞབས་ལ་ཕྱག་འཚལ་ཏེ། །​རྒྱལ་བ་དེ་ཡི་སྤྱན་སྔར་རྒྱལ་པོ་འདུག །​རྒྱལ་པོ་དེ་ཡི་ལྷག་པའི་བསམ་མཁྱེན་ནས། །​ཏིང་འཛིན་འདི་ནི་རྐང་གཉིས་དབང་པོས་བཤད། །​ཏིང་འཛིན་འདི་ནི་རྒྱལ་པོ་དེས་ཐོས་ནས། །​རྒྱལ་སྲིད་མཆིལ་མ་བཞིན་དུ་ཀུན་སྤངས་ཏེ། །​གཉེན་དང་རྩ་ལག་སྡུག་པ་ཡོངས་བཏང་ནས། །​རྒྱལ་བ་དེ་ཡི་དྲུང་དུ་རབ་ཏུ་བྱུང་། །​བུ་ཡང་བརྒྱ་ཕྲག་ལྔ་དག་རབ་བྱུང་སྟེ། །​དེ་བཞིན་བཙུན་མོའི་འཁོར་དང་སྲས་མོ་དང་། །​གཉེན་བཤེས་རྩ་ལག་མང་པོ་གཞན་དག་ཀྱང་། །​བྱེ་བ་ཁྲག་ཁྲིག་བདུན་ཅུ་རྩ་དྲུག་བྱུང་། །​བུ་དང་ཆུང་མར་བཅས་པ་རབ་བྱུང་ནས། །​ཁ་ཟས་སྒྲུབ་པའི་ས་ཡང་བོར་ནས་ནི། །​རྒྱུན་མ་ཆད་པར་ལོ་བརྒྱད་བར་དུ་བཅགས། །​འཆག་ཅིང་འགྲེང་བཞིན་འཆི་བའི་དུས་ཀྱང་བྱས། །​རྒྱལ་པོའི་གླང་པོ་ཏིང་འཛིན་སེམས་དཔའ་དེ། །​རྟག་པར་རབ་ཏུ་མཉམ་གཞག་དུས་བྱས་པས། །​དེ་ཡང་རྒྱལ་པོའི་ཕོ་བྲང་དེར་སྐྱེས་ཏེ། །​མངལ་གྱི་དྲི་མས་མ་གོས་བརྫུས་ཏེ་བྱུང་། །​དེ་ཡི་ཕ་ནི་བརྟན་པའི་སྟོབས་ཞེས་བྱ། །​བློ་གྲོས་ཆེ་ཞེས་བྱ་བ་མར་གྱུར་ཏེ། །​གཞོན་ནུ་བཙས་མ་ཐག་ཏུ་ཚིག་སྨྲ་བ། །​འཇིག་རྟེན་མགོན་པོ་དེ་ཉིད་བཞུགས་སམ་གེ། །​འཇིག་རྟེན་མགོན་པོས་བདག་གི་སེམས་མཁྱེན་ནས། །​དེ་ཕྱིར་བདག་ལ་ཞི་བའི་ཏིང་འཛིན་བཤད། །རྐྱེན་རྣམས་མེད་ཅིང་རྐྱེན་དང་བྲལ་བ་ཡང་། །​སྲིད་པའི་འགྲོ་བ་རྣམས་ནི་གཅིག་ཏུ་བསྟན། །​ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་གང་། །​མདོ་སྡེ་བྱེ་བ་ཁྲག་ཁྲིག་བྱུང་བ་དག །​བྱང་ཆུབ་སེམས་དཔའི་ནོར་ནི་བླ་མེད་པ། །​ཏིང་འཛིན་འདི་ནི་རྒྱལ་བས་བཤད་མཛད་དམ། །​ལུས་ཀྱང་གཙང་ཞིང་དེ་བཞིན་ངག་གཙང་བ། །​སེམས་གཙང་དེ་བཞིན་ལྟ་བ་གཙང་མ་དང་། །​དམིགས་པ་རྣམས་ལས་ཡང་དག་འདའ་བ་ཡི། །​ཏིང་འཛིན་དེ་ནི་རྒྱལ་བས་བཤད་མཛད་དམ། །​ཆུད་མི་ཟ་བའི་འབྲས་བུ་ཆོས་བསྟན་པ། །​ལམ་མཆོག་ཡན་ལག་བརྒྱད་ལྡན་སྒོམ་པ་སྟེ། །​དེ་བཞིན་གཤེགས་དང་ཕྲད་ཅིང་ཤེས་རབ་རྣོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5949#UT22084-055-001-5949