Degé Kangyur volume 54, F.259.b

སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དེ་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེ་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་ཞི་བའི་བློ་གྲོས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཆོས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ཕྲ་སེམས་ཀྱིས་དགེ་སློང་ཞི་བའི་བློ་གྲོས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​འདི་ལ་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཐོབ་པར་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཟབ་མོ་ལ་བཟོད་པར་མངོན་པར་བརྩོན་པར་བྱའོ། །​ཟབ་མོ་ལ་བཟོད་པར་མོས་པ་དེ་ནི་བཟོད་པས་ཆོས་དེ་དག་ལ་འདོད་པར་བྱེད་དོ། །​འདོད་པར་བྱེད་པས་སྒྲུབ་པར་འགྱུར་རོ། །​སྒྲུབ་པས་ནན་ཏན་བྱེད་དོ། །​ཇི་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་བཞིན་དུ་ཆོས་དེ་དག་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པར་འགྱུར་བའི་ཆོས་གཅིག་གོ། །​ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པ་དེ་ལ་བློ་རབ་ཏུ་གནས་པར་འགྱུར་བ་དེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་གནས་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། བཟོད་པ་འདི་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་བཟོད་པ་འདི་ལས་བསྐྱོད་མི་ནུས་སོ། །​འདི་ལྟར་ཡང་ཞི་བའི་བློ་གྲོས་ཆོས་དེ་དག་གི་ཆོས་ཉིད་ནི་འདི་ཡིན་ཏེ། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །​འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་འགྱུར་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1127#UT22084-054-005-1127