Degé Kangyur volume 54, F.255.a

ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་གྱིས་རྒྱལ་རིགས་ཚུར་ཤོག །​བཅོམ་ལྡན་འདས་དཔའ་སྲ་རྣམ་པར་གནོན་པ་དེ་ག་ལ་བ་དེར་འདོང་ངོ་། །​དེ་བཞིན་གཤེགས་པ་དེ་མཐོང་ན་དགེ་བའི་རྩ་བ་སོགས་ཤིང་ཆོས་ཐོས་པར་འགྱུར་རོ། །​དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་དགེ་སློང་ལེགས་པར་བརྟགས་སྤྱོད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་ག་ལ་བ་དེར་དོང་ངོ་། །​དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེ་མཐོང་མ་ཐག་ཏུ་འདི་ལྟར་དེའང་སྔོན་གྱི་དེ་བཞིན་གཤེགས་པ་དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཕྱིར། དགེ་བའི་བཤེས་གཉེན་དང་སྐལ་བ་མཉམ་པར་སྤྱད་པའི་ཕྱིར། ཡུན་རིང་པོར་དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལས་འགལ་བར་མ་བྱས་པའི་ཕྱིར་དེ་སེམས་རབ་ཏུ་དད་དེ། བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ཚུལ་ཁྲིམས་ཡང་དག་པར་བསྒྲུབས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་ལ་མོས་ཏེ། སྦྱིན་པ་པོ་དང་སྦྱིན་བདག་ཏུ་གྱུར་ཅིང་སྦྱིན་པ་དང་ཚུལ་ཁྲིམས་ལ་རྣམ་པར་རྩེ་བ་དེས་བཅོམ་ལྡན་འདས་དཔའ་སྲ་རྣམ་པར་གནོན་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་དུ་བདག་གི་རིགས་དང་མིང་ནས་སྨོས་ཏེ་གསོལ་ཏོ། །​བཅོམ་ལྡན་འདས་བདག་ནི་འགྲོ་བ་འཛིན་ཅེས་བགྱིའོ། །​བདེ་བར་གཤེགས་པ་བདག་ནི་འགྲོ་བ་འཛིན་ཅེས་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་བདག་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་ཅེས་བགྱི་བ་ལགས་སོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔའ་སྲ་རྣམ་པར་གནོན་པ་དེས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འགྲོ་བ་འཛིན་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​འགྲོ་བ་འཛིན་ཁྱོད་ནི་བདེ་བ་དང་ལྡན་པ་ཡིན་ལ། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དང་། སེམས་ཅན་གཞན་དག་ནི་འཁོར་བའི་བདེ་བ་འདོད་ན་འགྲོ་བ་འཛིན་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་བས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ་མིང་ནས་འབྱིན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1118#UT22084-054-005-1118