Degé Kangyur volume 54, F.228.a

།དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། །​བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། །​སེམས་ཅན་ཁྲག་ཁྲིག་བཏུལ་ཏེ་མཛད་པ་མཛད། །​བདེ་གཤེགས་དད་པས་བསྒྲལ་ཕྱིར་བཞུགས་པ་མཐོང་། །​དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། །​བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། །​འགྲོ་བའི་དོན་ཆེན་མཛད་པ་མཛད་ནས་སུ། །​ཡང་འབྱུང་མེད་པར་མྱ་ངན་འདའ་བ་མཐོང་། །​དྲི་མེད་ཚུལ་ཁྲིམས་གནས་པས་བདག་གིས་ཀྱང་། །​བདེ་གཤེགས་བྱེ་བ་ཁྲག་ཁྲིག་མང་པོ་རྣམས། །​མྱ་ངན་འདས་ནས་རིང་བསྲེལ་རབ་རྒྱས་ཤིང་། །​སྐྱེ་བོ་བདེ་བས་མངོན་དུ་ཚིམ་མཛད་མཐོང་། །​དེ་རིང་སློབ་དཔོན་ཁྱོད་ཀྱི་གསུང་ཐོས་ནས། །​བདག་གི་མིག་ཀྱང་བསམ་མི་ཁྱབ་པར་དག །​དེ་ཕྱིར་ཕྱོགས་བཅུ་དག་གི་རྒྱལ་བ་རྣམས། །​སྒྲིབ་པ་མེད་པའི་མིག་གི་སྟོབས་ཀྱིས་མཐོང་། །​བདག་གི་མཚུངས་མེད་ཚུལ་ཁྲིམས་ཡོངས་དག་པས། །​དེ་ལས་བདག་གི་སྒྲིབ་མེད་མིག་འདི་སྐྱེས། །​ཚུལ་ཁྲིམས་ཕུང་པོ་ཡོངས་སུ་སྦྱངས་པ་ལས། །​སྒྲིབ་པ་མེད་པའི་མིག་ནི་བདག་གིས་ཐོབ། །​འདི་ལྟར་ཐལ་སྦྱར་སློབ་དཔོན་མཆོག་ཁྱོད་ལ། །​གང་གི་མཐུ་ཆེ་བ་ནི་དེ་འདྲ་བ། །​དེ་ལ་ཐལ་མོ་མངོན་སྦྱར་ཕྱག་འཚལ་ཅིང་། །​མཚུངས་མེད་རྡུལ་བྲལ་བྱང་ཆུབ་རེག་པར་བགྱི། །​དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་དེ་རྙེད་པས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པར་གྱུར་ཏོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་ཤུགས་རྙེད་པས་ཕྱོགས་བཅུ་མུན་པ་མེད་པར་གྱུར་ཏོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་ལེན་ཅིང་འཛིན་ཏོ། །​དེ་ཚུན་ཆད་ནམས་ཀྱང་དྲན་པ་ཉམས་པར་མ་གྱུར་ཏེ། བསྐལ་པ་བརྗོད་དུ་མེད་པའི་བར་དུ་དུས་ཐམས་ཅད་དུའང་ཐོས་པ་འཛིན་པར་གྱུར་ཏོ། །​དེ་ལ་ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་མངོན་དུ་གྱུར་ཏོ། །​འདི་ལྟར་སྒྲིབ་པ་མེད་པའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་ཅིང་སེམས་ལ་ཀུན་ནས་དཀྲིས་པ་མེད་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྱེས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་ཚད་མེད་པའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་སྟེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1064#UT22084-054-005-1064