Degé Kangyur volume 54, F.226.b

བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་ཡང་སེམས་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་ལག་པ་གཡས་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་མ་ཐག་ཏུ་བདེན་པའི་བྱིན་གྱི་རླབས་ཀྱིས། དེ་གཉིས་ཀྱི་ལག་པ་གཡས་པ་སྔ་མ་བཞིན་དུ་གྱུར་ཏོ། །​རྒྱལ་པོ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་ལུས་ཀྱི་ལས་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་ལག་པ་གཡོན་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་མ་ཐག་ཏུ་བདེན་པའི་བྱིན་གྱི་རླབས་ཀྱིས། དེ་གཉིས་ཀྱི་ལག་པ་གཡོན་པ་སྔ་མ་བཞིན་དུ་གྱུར་ཏོ། །​རྒྱལ་པོ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བསྐལ་པ་བརྗོད་དུ་མེད་པར་འཚོ་བ་མ་རུང་བར་བྱས་པར་མི་དྲན་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་གཉིས་ཀྱི་རྐང་པ་སྔ་མ་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དང་། འདི་ལྟར་དྲང་སྲོང་མེས་བྱིན་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས། དྲང་སྲོང་དེ་གཉིས་ཀྱི་རྐང་པ་དང་ལག་པ་སྔ་མ་བཞིན་དུ་གྱུར་ཏོ། །​དེ་ནས་རྒྱལ་པོ་སྡེ་མི་ཕམ་པས་དེ་གཉིས་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱི་རྫུ་འཕྲུལ་མཐོང་ནས་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །​དེ་ནས་དྲང་སྲོང་མེས་བྱིན་གྱིས་བདེན་པའི་བྱིན་གྱིས་བརླབས་ཐོས་པས་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །​དེ་དེ་ན་འདུག་བཞིན་དུ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་གྱུར་ཏོ། །​དེས་དེ་ཉིད་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཚད་མེད་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མཐོང་སྟེ། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ལ་ལ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར། ལ་ལ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དུ་མས་སེམས་ཅན་རྣམས་ལ་འདོམས། ལ་ལ་ནི་ཚེའི་འདུ་བྱེད་འདོར། ལ་ལ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་དྲང་སྲོང་མེས་བྱིན་རིམ་གྲོ་དང་བསྙེན་བཀུར་བྱེད་པ་མཐོང་ངོ་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1061#UT22084-054-005-1061