Degé Kangyur volume 54, F.275.a
།དེ་དག་སངས་རྒྱས་བསྟན་ལ་སྐྱེས། །བདུད་སྟོང་བྱེ་བ་རྣམས་ཀྱིས་ཀྱང་། །དེ་ལ་བསྐྱོད་པར་རྔོ་མི་ཐོགས། །གང་དག་བླ་མེད་སངས་རྒྱས་ས། །ཞི་བ་དེ་ནི་རྣམ་རྟོགས་པ། །མཁས་པ་དེ་དག་སྐྲག་པ་དང་། །མི་སྐྲག་པར་ནི་རྨོངས་མི་འགྱུར། །གང་དག་སངས་རྒྱས་བྱེ་བ་ལས། །ཞི་བའི་ས་ལ་སྤྱད་བགྱིས་པ། །མཁས་པ་དེ་དག་སྐྲག་པ་དང་། །མི་སྐྲག་པར་ཡང་རྟོགས་མི་བགྱིད། །གཉིས་སུ་མ་མཆིས་ས་ཐོབ་ནས། །མཁས་པ་གང་དག་མི་ཞེན་པ། །དེ་ནི་མི་དབང་སྲས་ལགས་ཏེ། །ཆོས་ཀྱི་སྤྲུལ་པ་ཐུགས་ཀྱི་སྲས། །རྟོགས་ཤིང་མངོན་བགྱིས་མཐོང་བ་དང་། །ཆོས་མཆོག་གང་གིས་རྙེད་དེ་དག །གུམ་ནའང་མྱ་ངན་མི་བགྱིད་ལ། །དགའ་བར་འགྱུར་བའང་མ་མཆིས་ལགས། །འགུམ་པ་ལ་ཡང་དགའ་མི་བགྱིད། །འཚོ་བའང་ཡོངས་སུ་ཚོལ་མི་བགྱིད། །བཏང་སྙོམས་སྨྲ་བ་དཔའ་བོ་དག །དགེ་བའི་ཆོས་ནི་མང་པོ་བགྱིད། །བྱང་ཆུབ་ཆེད་དུ་ལམ་སྦྱོང་ཞིང་། །སངས་རྒྱས་རིགས་འཛིན་འདི་དག་ནི། །སངས་རྒྱས་སྤྱོད་ཡུལ་གང་ལགས་པ། །ཡབ་ཀྱི་རྗེས་སུ་རབ་ཏུ་སློབ། །བརྩོན་འགྲུས་ལྡན་ཞིང་འཇིགས་མ་མཆིས། །སེམས་ཅན་ཀུན་ལ་སྨན་སླད་དུ། །ཐམས་ཅད་མཁྱེན་པ་ཡོངས་ཚོལ་ཏེ། །ཞི་བ་མྱ་ངན་འདའ་བར་ཞུགས། །འཇིག་རྟེན་ཤིན་ཏུ་བསྲེགས་པ་ལ། །དེ་དག་མྱ་ངན་འདའ་སྟོན་ཏེ། །བདག་ཉིད་ལ་ནི་མི་ལྟ་ཞིང་། །བདེ་དང་སྡུག་བསྔལ་མི་གནས་ལགས། །ཇི་ལྟར་མགོ་ལ་མེ་འབར་བ། །ཞི་བར་བགྱིད་པ་ཚོལ་བ་བཞིན། །སེམས་ཅན་ཀུན་གྱི་དོན་སླད་དུ། །དེ་དག་དེ་བཞིན་ཆོས་རྣམས་ཚོལ། །འགྲོ་ལ་དགའ་བས་ཉིན་མཚན་དུ། །དེ་གང་རང་བྱུང་ཤིན་ཏུ་ཚོལ། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །ནམས་ཀྱང་བརྩོན་འགྲུས་མི་འདོར་རོ། །བུ་དང་ཆུང་མ་ནོར་དང་འབྲུ། །མགོ་དང་དེ་བཞིན་རྒྱལ་པོའི་སྲིད། །ཞུམ་པ་མ་མཆིས་ཀུན་བཏང་ཞིང་། །དེ་དག་གཏོང་བ་རབ་ཏུ་བསྒོམས། །སྲོག་ཆགས་ཀུན་གྱི་དོན་སླད་དུ། །དེ་དག་བྱང་ཆུབ་མཆོག་རེག་འགྱུར། །བློ་མཆོག་ལྡན་པ་དེ་དག་ནི། །མཐོང་ཞིང་ཐོས་པ་རྙེད་པར་དཀའ། །དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1158#UT22084-054-005-1158