Degé Kangyur volume 51, F.237.a
ཤིན་ཏུ་གནས་པའི་ཚུལ་གྱི་གནས་ཡོངས་སུ་དག་པ་སྩོལ་ཅིག །མི་ཕྱེད་པའི་དགེ་བ་ཐོབ་པའི་ཞེས་འགྲོ་བ་ཐམས་ཅད་མཆིའོ། །ཚིག་སྙན་པ་བླ་མས་བདག་ལ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་སྩོལ་ཅིག །དེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བར་བགྱིའོ། །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བགྱིའོ། །སྔོན་མ་ཐོས་པའི་ཆོས་ཐོས་པར་བགྱིའོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་འཐོབ་པ་ཐོབ་པར་བགྱིའོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་བདག་ལ་སྩོལ་ཅིག །མགོན་དང་། སྐྱབས་དང་། རྟེན་དུ་གྱུར་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་སུ་གྱུར་ཅིག །དེ་ནས་ཆོས་སྨྲ་བ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་ནི་དཀོན་པའི་ཚིག་སྟེ། འདི་ནི་རྡོ་རྗེའི་ཚིག་གོ། །འདི་ནི་རྡོ་རྗེ་མི་ཕྱེད་པའི་ཚིག་གོ། །བླ་ན་མེད་པའི་ཡེ་ཤེས་ཀྱི་ཚིག་གོ། །མི་ཟད་པའི་ཡེ་ཤེས་ཀྱི་ཚིག་གོ། །ལྟག་ན་མེད་པའི་ཚིག་གོ། །ཐར་པར་འཇུག་པར་བྱེད་པའི་ཚིག་གོ། །དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པའི་ཚིག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཁོར་བའི་སྡུག་བསྔལ་ཡོངས་སུ་སྤོང་བའི་ཚིག་གོ། །ཐབས་མཁས་པ་ཐམས་ཅད་ཀྱི་ཚིག་གོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་གཞོག་པའི་ཚིག་གོ། །ཆོས་ཐམས་ཅད་ལ་འཇུག་པར་བྱེད་པའི་ཚིག་གོ། །རྟག་ཏུ་ལྷ་རྣམས་འདོད་པར་བྱེད་པའི་ཚིག་གོ། །རིགས་ཀྱི་བུ་གང་ཐར་བར་འདོད་པ་གནས་སྣ་ཚོགས་སུ་རབ་ཏུ་བྱུང་བ། བགོ་བ་སྣ་ཚོགས་སུ་རབ་ཏུ་འབྱུང་བ་འདི་ལྟ་སྟེ། དབང་པོའི་བགོ་བ་དང་། དཀར་པོའི་བགོ་བ་དང་། བསྟེན་པའི་བགོ་བ་སྟེ། ཉི་མ་བརྟགས་ནས་དབང་ཕྱུག་ཆེན་པོ་ལ་རབ་ཏུ་འབྱུང་ངོ་། །འཇུག་སྲེད་དང་། ནམ་མཁའ་ལྡིང་དང་། གཅེར་བུ་པ་དང་། རི་མི་དང་། གནས་དེ་དག་ཏུ་རབ་ཏུ་འབྱུང་སྟེ་དེ་དག་ལ་ཡང་ཐར་པ་མེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh116.html?part=UT22084-051-004-1078#UT22084-051-004-1078