Degé Kangyur volume 51, F.11.b
།དེ་ཚེ་ཐམས་ཅད་དགའ་བར་གནས་གྱུར་ཏེ། །འདི་ལྟར་ཅི་ཞིག་ཅེས་ནི་ཕན་ཚུན་འདྲི། །གནོད་སྦྱིན་ལྷ་མིས་དེ་མཆོད་མི་རིང་བར། །འཇིག་རྟེན་འདྲེན་པ་ཏིང་ངེ་འཛིན་ལས་བཞེངས། །ཆོས་སྨྲ་བྱང་ཆུབ་སེམས་དཔའ་གང་མཁས་པ། །འོད་མཆོག་སྲས་ལ་དེ་ཚེ་འདི་སྐད་གསུངས། །མཁས་པ་ཁྱོད་ནི་འཇིག་རྟེན་མིག་དང་ལམ། །ང་ཡི་ཆོས་འཛིན་ཤིན་ཏུ་ཡིད་བརྟན་པས། །ཇི་ལྟར་སྲོག་ཆགས་ཕན་ཕྱིར་ངས་བཤད་པ། །ང་ཡི་ཆོས་མཛོད་འདི་ལ་ཁྱོད་མངོན་སུམ། །བྱང་ཆུབ་སེམས་དཔའ་མང་པོ་ཀུན་བཀོད་དེ། །དགའ་བར་བྱས་ཤིང་ཤིན་ཏུ་བསྔགས་བསྟོད་ནས། །བར་གྱི་བསྐལ་པ་དྲུག་ཅུ་ཚང་བར་ནི། །དེ་ཚེ་རྒྱལ་བ་དེ་ཡིས་ཆོས་མཆོག་བཤད། །གདན་གཅིག་སྟེང་བཞུགས་འཇིག་རྟེན་མགོན་པོ་དེས། །ཆོས་མཆོག་དམ་པ་དག་ནི་གང་བཤད་པ། །དེ་དག་ཐམས་ཅད་འོད་མཆོག་རྒྱལ་བའི་སྲས། །ཆོས་སྨྲར་གྱུར་པ་དེ་ཡིས་ཤིན་ཏུ་བཟུང་། །རྒྱལ་བ་དེས་ནི་ཆོས་ཀྱི་མཆོག་བཤད་དེ། །སྐྱེ་བོ་དུ་མ་རབ་ཏུ་དགའ་བྱས་ནས། །དེ་ཡི་ཉིན་པར་ལྷར་བཅས་འཇིག་རྟེན་མདུན། །རྣམ་པར་འདྲེན་པ་དེ་ནི་འདི་སྐད་གསུང་། །ང་ཡིས་ཆོས་ཀྱི་ཚུལ་འདི་རབ་བསྟན་ཏེ། །ཆོས་ཀྱི་རང་བཞིན་ཅི་འདྲ་བཤད་ཟིན་གྱིས། །དགེ་སློང་དོ་ནུབ་ནམ་གྱི་གུང་ཐུན་ལ། །ང་ནི་མྱ་ངན་འདའ་བའི་དུས་ལ་བབ། །ང་ཡི་བསྟན་པ་འདི་ལ་རབ་སྦྱོར་ལ། །བག་མེད་མ་ཡིན་དད་པ་སྙིང་པོར་གྱིས། །བསྐལ་པ་བྱེ་བ་ཁྲག་ཁྲིག་འདས་པར་ཡང་། །རྒྱལ་བ་དྲང་སྲོང་ཆེན་པོ་རྙེད་པར་དཀའ། །རྐང་གཉིས་དམ་པ་ཤིན་ཏུ་མྱུར་བ་རུ། །མྱ་ངན་ལས་ནི་འདའ་བའི་སྒྲ་ཐོས་ནས། །སངས་རྒྱས་སྲས་རྣམས་མང་པོ་མྱ་ངན་སྐྱེས། །སྡུག་བསྔལ་རབ་དང་ཤིན་ཏུ་ལྡན་པར་གྱུར། །སྲོག་ཆགས་བསམ་ཡས་བྱེ་མང་དེ་དག་ལ། །མི་ཡི་དབང་པོ་རྒྱལ་པོས་དབུགས་ཕྱུང་བ། །མྱ་ངན་ང་འདས་དགེ་སློང་མ་འཇིགས་ཤིག །ང་ཡི་འོག་ཏུ་སངས་རྒྱས་འབྱུང་བ་ནི། །བྱང་ཆུབ་སེམས་དཔའ་དཔལ་སྙིང་མཁས་པ་འདི། །ཟག་མེད་ཡེ་ཤེས་འདི་ནི་རྟོགས་པར་རིག །ང་ཡི་བྱང་ཆུབ་མཆོག་རབ་འཐོབ་འགྱུར་ཏེ། །སྤྱན་དང་ཡན་ལག་དྲི་མེད་རྒྱལ་བར་འོང་། །དེ་ཚེ་དེ་ཡི་ནམ་གྱི་གུང་ཐུན་ལ། །རྒྱུ་ཟད་མེ་དང་འདྲ་བར་མྱ་ངན་འདས། །དེ་ཡི་སྐུ་གདུང་ཤིན་ཏུ་རྒྱས་གྱུར་ཏེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6023#UT22084-051-001-6023