ཆུ་ཡི་པད་མ་ལྟ་བུར་མ་གོས་པ། །དེ་དག་ས་འདི་བརྟོལ་ནས་དེང་འདིར་ལྷགས། །འཇིག་རྟེན་བདག་པོ་དྲན་ལྡན་སློབ་མ་སྲས། །ཐམས་ཅད་ཐལ་སྦྱར་གུས་དང་བཅས་ཏེ་མཆིས། །ཁྱོད་ཀྱི་རྨད་བྱུང་འདི་འདྲ་དེ་དག་ལ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཡིད་ཆེས་འགྱུར། །ཐེ་ཚོམ་གཞོམ་པའི་སླད་དུ་བཀའ་སྩལ་ཏེ། །དོན་འདི་ཅི་བཞིན་ཁྱོད་ཀྱིས་འདིར་བཤད་གསོལ། །དཔེར་ན་འདི་ན་སྐྱེས་བུ་ལ་ལ་ཞིག །བཙས་ནས་ལོ་ནི་ཉི་ཤུ་ལྷག་ལོན་པ། །གཞོན་ནུ་ཐོར་བུ་ལང་ཚོ་སྐྲ་གནག་དེས། །བཙས་ནས་ལོ་བརྒྱ་ལོན་ལ་བུར་སྟོན་ཅིང་། །སྐྲ་སྐྱ་གཉེར་མ་ཅན་དག་འདི་སྐད་དུ། །འདི་ནི་བདག་ཅག་ལུས་སྐྱེད་ཡིན་མཆི་ན། །ཐོར་བུའི་བུ་ནི་འདི་འདྲ་འདི་དག་ལ། །འཇིག་རྟེན་མགོན་པོ་ཤིན་ཏུ་ཡིད་ཆེས་དཀའ། །དེ་བཞིན་བཅོམ་ལྡན་འདས་ཀྱང་སྐུ་གཞོན་ལ། །བྱང་ཆུབ་སེམས་དཔའ་མཁས་པ་མང་པོ་འདི། །དྲན་དང་ལྡན་ཞིང་མི་འཇིགས་ཤེས་རབ་ཅན། །བསྐལ་པ་བྱེ་བ་སྟོང་དུ་ལེགས་པར་བསླབས། །བརྟན་དང་ལྡན་ཞིང་ཤེས་རབ་མཁས་གྱུར་པ། །ཐམས་ཅད་བྱད་བཞིན་བཟང་ཞིང་བལྟ་ན་སྡུག །ཆོས་རྣམས་གཏན་ལ་དབབ་ཅིང་མི་འཇིགས་པ། །འཇིག་རྟེན་རྣམ་པར་འདྲེན་པས་ཡོངས་སུ་བསྟོང་། །རླུང་ལྟར་ཆགས་པ་མ་མཆིས་རྒྱུ་བ་སྟེ། །ནམ་མཁའི་ཁམས་ལ་རྟག་ཏུ་གནས་མ་ལགས། །སངས་རྒྱས་བྱང་ཆུབ་འདི་ནི་ཡོངས་ཚོལ་ཞིང་། །བདེ་བར་གཤེགས་ཀྱི་སྲས་རྣམས་བརྩོན་འགྲུས་སྐྱེད། །འཇིག་རྟེན་མགོན་པོའི་མངོན་སུམ་ཐོས་པས་ན། །བདག་ཅག་ལ་ནི་ཐེ་ཚོམ་གཞར་མ་མཆིས། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་པ་ན། །འདི་ལ་ཇི་ལྟ་བུར་ནི་ཡིད་ཆེས་འགྱུར། །གནས་འདི་ལ་ནི་ཐེ་ཚོམ་འཚལ་བ་ཡིས། །བྱང་ཆུབ་སེམས་དཔའ་ངན་འགྲོར་མཆིས་ས་རེ། །བཅོམ་ལྡན་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སྨིན་མཛད་ཇི་བཞིན་དེ་ནི་ལུང་བསྟན་གསོལ། །དམ་པའི་ཆོས་པད་མ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་ས་རུམ་ནས་འཐོན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་པའོ།། །།