Degé Kangyur volume 50, F.155.b

བཟའ་བ་དང་བཅའ་བ་མང་པོ་དག་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་སོ། །​ལེགས་པར་བསྟབས་ཤིང་ཚིམ་པར་བྱས་ནས་ཀྱང་དགེ་སློང་གི་དགེ་འདུན་ལ་ཡང་རྣམ་གྲངས་དུ་མས་ལེགས་པར་བསྟབས་ཤིང་ཚིམ་པར་བྱས་སོ། །​རྣམ་གྲངས་དུ་མས་ལེགས་པར་བསྟབས་ཤིང་ཚིམ་པར་བྱས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་བཤོས་གསོལ་ལགས་ཏེ། ལྷུང་བཟེད་བཞག་ཅིང་ཕྱག་བཅབས་པར་རིག་ནས། སྟན་ཤིན་ཏུ་དམའ་བ་ཞིག་བླངས་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །​དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱང་བུ་སྟོང་དང་ལྷན་ཅིག་ཏུ་སྲོག་ཆགས་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དེ་ཉིད་དུ་འོངས་ནས་དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པས་ཀུན་དགའི་ར་བར་ཞུགས་སོ། །​ཞུགས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །​དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྨི་ལམ་ཇི་རྨིས་པ་དག་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་གང་ཁྱོད་ཀྱིས་སྣང་བ་ཆེན་པོ་དང་། སྣང་བ་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཁྱོད་ལ་པད་མ་དག་བསྐུར་བ་དང་། པད་མ་དེ་དག་ལ་ཉི་མའི་གཟུགས་འོད་ཟེར་རབ་ཏུ་འབྱུང་བ་དག་མཐོང་བ་དང་། འོད་ཟེར་དེ་དག་ཁྱོད་ཀྱི་ཁར་ཞུགས་པར་མཐོང་བ་ནི་བྲམ་ཟེ་གང་ཁྱོད་ལོ་ཉིས་བརྒྱ་ལྔ་བཅུར་འཛམ་བུའི་གླིང་ཉུལ་བར་བྱེད་པ་ནི་ཁྱོད་ཀྱིས་མྱུལ་བ་དེས་སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ལ་བཙུད་ཅིང་རབ་ཏུ་བཀོད་པ་དང་། སེམས་ཅན་བགྲང་བ་ལས་ཡང་དག་པར་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་སྟེ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་པ་དང་། ཐེག་པ་ཆེན་པོ་འདི་ལ་བརྩམ་པ་བྱས་པ་དེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-1845#UT22084-050-003-1845