Degé Kangyur volume 50, F.283.b

མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ་སྐྱེས་བུའི་རྩལ་ཆེན་པོ་དེ་ལྟ་བུ་དག་ཀྱང་བྱས་སོ། །​དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །​དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་རང་སངས་རྒྱས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །​དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཉན་ཐོས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །​ངས་ཇི་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་བསྙེན་བཀུར་བྱས་ཏེ། ངས་སངས་རྒྱས་རེ་རེའི་དྲུང་ནས་རྒྱ་མཚོའི་ཆུའི་ཐིགས་པ་སྙེད་ཀྱི་ཡོན་ཏན་དག་ཡོངས་སུ་བཟུང་བ་མ་གཏོགས་པར་ངས་རང་སངས་རྒྱས་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །​དེ་བཞིན་གཤེགས་པའི་ཉན་ཐོས་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །​དེ་བཞིན་དུ་ཕ་དང་། མ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ལ་ཡང་མཆོད་པ་བྱས་སོ། །​ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་བརྩེ་བས་རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། ད་ལྟར་ཡང་རང་གི་ཆོས་རྣམས་ཀྱིས་ཚིམ་པར་བྱས་པ་ཡིན་ནོ། །​ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་སྦྱིན་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།​། །​།རིགས་ཀྱི་བུ་ཇི་ལྟར་ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཡོངས་སུ་མྱ་ངན་ལས་འདས་པ་དག་གཟིགས་པ་དེ་དག་ཀྱང་ངས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །​དེ་ལྟར་ངས་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་འཛིན་དུ་བཅུག་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །​དེ་བཞིན་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-2097#UT22084-050-003-2097