Degé Kangyur volume 50, F.269.b

ཁྱེད་ཅག་གལ་ཏེ་སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་དང་། ལོག་པར་ལྟ་བའི་བར་དག་སྤོང་བར་བྱེད་ན་ངས་ཁྱེད་ཅག་གི་སྲོག་སྦྱིན་པར་བྱ་ཞིང་། འཚོ་བའི་ཡོ་བྱད་དག་ཀྱང་སྦྱིན་པར་བྱའོ། །​ཀྱེ་གལ་ཏེ་མི་སྤོང་ན་ངས་སྲོག་དང་ཕྲལ་ཏེ་འགྲོའོ། །​དེ་ནས་སེམས་ཅན་དེ་དག་གིས་ཐལ་མོ་སྦྱར་ཏེ་སྨྲས་པ། མགོན་པོ་ཁྱོད་ཀྱི་ཚིག་གིས་བདག་ཅག་ད་དེང་སླན་ཆད་ནས་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ནས་ལོག་པར་ལྟ་བའི་བར་དག་སྤོང་བར་བགྱིད་དོ། །​གདོལ་པ་སྟོབས་ཅན་དེ་སོང་ནས་རྒྱལ་པོ་དང་། རྒྱལ་པོས་བཀྲབས་པ་དག་ལ་བསྒོ་བ་ཁོ་བོའི་འཚོ་བའི་ཡོ་བྱད་དུ་ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། གོས་དང་། མལ་ཆ་དང་། སྤོས་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དག་དགོས་ཀྱིས་འཚོ་བའི་ཡོ་བྱད་མང་པོ་དག་ཁོ་བོ་ལ་ཕུལ་ཅིག །​གདོལ་པ་སྟོབས་ཅན་དེས་ཇི་སྲིད་འཚོ་བའི་བར་དུ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། དེ་ནས་མི་དེ་དག་ཀྱང་ཚེ་ལོ་ལྔ་བརྒྱ་ཐུབ་པར་གྱུར་ཏོ། །​དེ་ན་རྒྱལ་པོ་གང་ཡིན་པ་དེ་འཆི་བའི་དུས་བྱས་པར་གྱུར་པ་དང་། དེ་ནས་རྒྱལ་པོའི་བློན་པོ་དེ་དག་གིས་གདོལ་པ་སྟོབས་ཅན་དེ་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ཏེ་རྒྱལ་པོར་བཅུག་ནས་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་ཏོ། །​རིགས་ཀྱི་བུ་དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་རིང་པོ་མ་ལོན་པར་ཡུལ་དེར་རྗེས་སུ་བསྟན་ཏེ། བརྩོན་འགྲུས་བརྟན་ཞིང་རྟུལ་བས་ཡུལ་གཉིས་པར་ཡང་རྗེས་སུ་བསྟན་ནས་རྒྱལ་པོ་བསོད་ནམས་སྟོབས་རིང་པོ་མ་ལོན་པར་འཛམ་བུའི་གླིང་ཐམས་ཅད་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བར་དུ་གྱུར་ཏོ། །​གང་གི་ཚེ་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་སྲིད་བཟུང་ནས། དེའི་འོག་ཏུ་སེམས་ཅན་རྣམས་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་ཅིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-2069#UT22084-050-003-2069