Degé Kangyur volume 50, F.220.a

སྤངས་པའི་སེམས་ཅན་རྣམས་བདག་གི་སྙིང་རྗེའི་གནས་སུ་འགྱུར་བ་ལྟ་ན། བཙུན་པ་བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་ན་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་བསྐལ་པ་གྲངས་མ་མཆིས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན་བསྐལ་པ་བཟང་པོ་དེ་ལ་སྐྱེ་དགུའི་ཚེ་ལོ་སྟོང་ཐུབ་པ་ན་སྡོད་ཅིང་བདག་ཡུན་རིང་པོ་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་འཁོར་བས་ཡོངས་སུ་མི་སྐྱོ་བར་གྱུར་ཅིག །​བདག་གིས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུན་རིང་པོས་སྨིན་པར་བགྱི་འཚལ་བའི་འདུལ་བ་རྣམས་ཡོངས་སུ་འཛིན་པ་ལ་སྤྲོ་བར་བགྱི་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན་འདུལ་བ་རྣམས་ཡོངས་སུ་གཟུང་བར་བགྱི་སྟེ། བདག་གིས་བཅོམ་ལྡན་འདས་ལས་དངོས་པོའི་མཚན་མ་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཞེས་ཐོས་པས་བདག་གིས་དེ་ལྟ་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར་བགྱི་སྟེ། ཇི་ལྟར་ཚེ་རབས་གཞན་དག་ན་སློངས་མོ་པའི་སེམས་ཅན་དཔག་ཏུ་མ་མཆིས་པ་དག་མཆིས་པར་འགྱུར་ན་ཡང་དེ་དག་ལ་ཡོངས་སུ་གཏོང་བ་འདི་ལྟ་བུ་དག་ཡོངས་སུ་གཏོང་བར་གྱུར་ཅིག །​འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བལྡག་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། གནས་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། ན་བའི་གསོས་སྨན་གྱི་སྦྱིན་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ནོར་དང་། འབྲུ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། གསེར་དང་། དངུལ་དང་། འགྲོན་བུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། རྡུལ་ཆེན་དང་། ས་ལེ་སྦྲམ་གྱི་སྦྱིན་པ་ཐམས་ཅད་ཡང་དང་ཡང་དུ་ཡོངས་སུ་གཏོང་བ་ན་བདག་ཀྱང་འདི་ལྟར་མཆོག་ཏུ་དགའ་ཞིང་སྙིང་རྗེའི་ཡིད་ཀྱིས་འབྲས་བུ་མི་འཚལ་བར་སེམས་ཅན་རྣམས་ལ་སྩལ་ནས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་དོན་དང་། འདུལ་བའི་སེམས་ཅན་རྣམས་ལ་ཕན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-1974#UT22084-050-003-1974